ལྕགས་ཐང་རབ་འབྱམས་པ་བྱམས་པ་བསོད་ནམས།

མིང་གཞན།

  • ཀུན་མཁྱེན་ལྕགས་ཐང་ཆོས་རྗེ
  • ལྕགས་རམ་སྟན་པའི་གསལ་བྱེད

ཕྱིའི་དྲྭ་སྦྲེལ།

SRC ID: P1352
TBRC ID: P484

ལོ་དུས།

  • འཁྲུངས་ལོ།: shing rta lo/; 1474
  • འདས་ལོ།: lcags byi lo/; 1540

རྣམ་ཐར་བསྡུས་པ།

ཁོང་ནི་རབ་བྱུང་བརྒྱད་པའི་ཤིང་རྟ་སྤྱི་ལོར་༡༤༧༤ ལོར་འཁྲུངས། བཅུ་གཅིག་པར་ཡུལ་དེའི་སངས་རྒྱས་གླིང་ཞེས་བྱ་བར་བསོད་ནམས་ལེགས་པ་དང་། འཆད་བཀའ་བཅུ་པས་མཁན་སློབ་མཛད་ཏེ་རབ་ཏུ་བྱུང་། བཅུ་གཅིག་ནས་བཅོ་བརྒྱད་བར་ལ་མདོག་ཆོས་འཁོར་སྒང་དུ་བཤེས་གཉེན་ཤཱཀྱ་རྒྱལ་མཚན་དང་། བློ་གྲོས་རྒྱལ་མཚན་གཉིས་ལས་རིག་པའི་གནས་ལ་ལེགས་པར་སྦྱངས། བཅུ་དགུ་པར་མཉན་ཡོད་བྱ་རྒོད་གཤོངས་སུ་ཕེབས། ཆོས་གྲྭ་དེ་ཉིད་དུ་འཇམ་དབྱངས་འཕགས་མཆོག་ཀླུ་སྒྲུབ་ལས་གྲགས་ཆེན་བཅོ་བརྒྱད་དང་། གསུང་ངག་སོགས་སྔགས་ཀྱི་ཟབ་གནད་ལོ་བརྒྱད་ཀྱི་བར་དུ་གསན། པཎ་ཆེན་འབུམ་ཕྲག་གསུམ་པ་ལས་གསུང་ངག་ཤངས་པ་བཀའ་བརྒྱུད། རས་ཆུང་སྙན་བརྒྱུད་སོགས་ཟབ་ཁྲིད་ཀྱི་བཅུད་ཆེན་པོ་བླངས། དཔལ་འཁོར་བདེ་ཆེན་དང་། རྩེད་ཐང་དུ་གཞུང་ལུགས་བཅུ་བདུན་ལ་ལེགས་བཤད་ཀྱི་འཆད་སྤེལ་མཛད། ཉེར་དགུ་པ་ལ་མདོག་ཡ་ག་ཆོས་སྡིངས་སུ་བྱམས་པ་དཀོན་མཆོག་དཔལ་སོགས་ལས་བསྙེན་པར་རྫོགས། སོ་གཅིག་ནས་ལོ་ལྔའི་རིང་གནས་བསྐོས་པའི་ཟུར་འཆད་མཛད། སོ་དགུ་པ་ཆུ་སྤྲེལ་ལོ་དཔལ་འབུམ་ཕྲག་གསུམ་པའི་རྒྱལ་ཚབ་དམ་པར་མངའ་གསོལ། ལོ་ཉེ་དྲུག་རིང་གདན་ས་བསྐྱངས་ཏེ་འཆད་པའི་སྒྲ་དབྱངས་བསྒྲགས། མདོར་ན་ཉེར་གཅིག་པ་ནས་རེ་བཞིའི་བར་ལོ་ཞེ་བཞིའི་བར་དུ་མདོ་ཕྱོགས་ཀྱི་འཆད་ཉན་ཁོ་ནས་བསྟན་པ་རིན་པོ་ཆེ་གསལ་བར་མཛད། གཞན་ཡང་དངོས་སློབ་ཤེས་རབ་རིན་པོ་ཆེ་ལས་རྫོང་ལུགས་ཀྱི་གསུང་ངག་སོགས་མང་དུ་གསན། རེ་བཞི་པ་མེ་མོ་བྱ་ལོ་པཎ་ཆེན་བཟང་པོ་བཀྲ་ཤིས་ལ་གདན་ས་གཏད། རེ་ལྔ་པ་ས་ཁྱི་ལོར་ཆོས་རྒྱལ་ཚེ་དབང་རྡོ་རྗེས་དཔལ་ངམ་རིངས་ཀྱི་མཁན་པོར་མངའ་གསོལ། སློབ་མ་ཡང་། པཎ་ཆེན་བཟང་པོ་བཀྲ་ཤིས། འཇམ་དབྱངས་ཕྱོགས་ལས་རྣམ་རྒྱལ། སྐྱིད་གཤོངས་པ་ཆེན་པོ་བློ་གྲོས་རྣམ་རྒྱལ། འཇམ་དབྱངས་སངས་རྒྱས་རྒྱལ་མཚན། རབ་འབྱམས་པ་སངས་རྒྱས་ལྷུན་གྲུབ། ལྔ་རིག་བཀྲ་ཤིས་ཆོས་འཕེལ། གདན་གཅིག་པ་ཤཱཀྱ་རྒྱ་མཚོ། མཁས་མཆོག་གྲགས་པ་བཟང་པོ། འཇམ་མགོན་དཔལ་ལྡན་བཀྲ་ཤིས། མོས་ཐོས་ཀླུ་སྒྲུབ་རྒྱ་མཚོ་སོགས་བྱོན། མཐར་དགུང་ལོ་རེ་བདུན་པ་རབ་བྱུང་དགུ་པའི་ལྕགས་བྱི་སྤྱི་ལོ་ ༡༥༤༠ ལོར་བདེ་བར་གཤེགས། །

ས་སྐྱའི་ཆོས་འབྱུང་གཅེས་བསྡུས་དེབ་ལྔ་པའི་ཤོག་གྲངས་ ༣༩༠། དེབ་གཟུགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།

p>. གོང་དཀར་དགའ་བས། [version: 2019-02-03]

པར་སྐྲུན།