SRC ID: P884
གོང་དཀར་མཁྱེན་བརྩེ་ཆེན་མོ་ནི། དུས་རབས་བཅོ་ལྔ་པའི་དུས་འགོར་གོང་དཀར་སྒང་སྟོད་དུ་སྐུ་འཁྲུངས། (འཁྲུངས་འདས་ལོ་ཚིགས་མ་རྙེད།) ཁོང་ནི་བོད་ཀྱི་རི་མོའི་སྒྱུ་རྩལ་གྱི་སྲོལ་གཏོད་རྣམ་པ་གསུམ་གྱི་ནང་ཚན། མཁྱེན་ལུགས་རི་མོའི་སྲོལ་གཏོད་པ་པོ་ཡིན། ཁོང་བྱིས་པའི་དུས་ནས་རི་མོ་འབྲི་བར་ཤིན་ཏུ་དགའ་ཞིང་། སྲོག་ཆགས་དང་རྩི་ཤིང་མེ་ཏོག་ལ་སོགས་པ་རྣམས་སློབ་དཔོན་ལ་མ་བསྟེན་པར་རང་བཞིན་གྱིས་འབྲི་ཤེས་པ་དང་། སྐུ་གཞོན་ནུའི་དུས་ནས་རིག་གནས་སྤྱི་ལ་སྦྱངས་པ་མཛད། ལྷག་པར་དུ་ལྷ་སྐུ་སྦྱོང་རྒྱུར་སྐོམ་པ་ཆུ་འདོད་ལྟ་བུའི་རེ་བ་ཡོད་པས། གཙང་སྟོད་དུ་བྱོན་ཏེ་རྡོ་པ་བཀྲ་ཤིས་རྒྱལ་པོའི་དྲུང་ནས་རི་མོ་དང་འཇིམ་བཟོའི་ལག་ཤེས་སྒྱུ་རྩལ་སྦྱངས་ཏེ། མི་རིང་བར་རང་གི་རྣམ་དཔྱོད་སོར་མོའི་རྩེ་མོར་དྲངས་པ་ལས། ཕྱི་ནང་གི་དངོས་པོ་ཀུན་གྱི་རང་བཞིན་ཇི་ལྟ་བ་བཞིན་གསོན་པོར་གཟུགས་བརྙན་དུ་འགོད་པ་སོགས་རི་མོའི་སྒྱུ་རྩལ་ལ་ཤིན་ཏུ་མཁས་པར་གྱུར་ཏེ། མཁྱེན་ལུགས་ཀྱི་རི་མོའི་སྲོལ་བཏོད། བོད་དུ་རྡོ་པ་བཀྲ་ཤིས་རྒྱལ་པོ་ལས་མཆེད་པའི་རི་མོའི་སྒྱུ་རྩལ་མི་འདྲ་བ་སྨན་མཁྱེན་རྣམ་གཉིས་ཞེས་ཉི་ཟླ་ལྟར་ཡོངས་སུ་གྲགས།་ མཁྱེན་བརྩེ་ཆེན་མོའི་བརྩམས་བྱའི་སྒོ་ནས་བཤད་ན། མཁྱེན་བརྩེ་ཆེན་མོ་ནི། གོང་དཀར་རྡོ་རྗེ་གདན་པ་ཆེན་པོའི་དངོས་སློབ་ཡིན་པས། ཕྱི་ལོ་ ༡༤༦༤ ལོར་གང་གི་གདན་ས་གོང་དཀར་རྡོ་རྗེ་གདན་གྱི་ལམ་འབྲས་བླ་བརྒྱུད་སོགས་ཀྱི་སྐུ་འདྲ་དང་། དཔག་བསམ་འཁྲི་ཤིང་སོགས་ལྡེབས་རིས་དང་བཅས་པ་འབུར་སྐུ་དང་བྲིས་ཐང་ཡོད་ཚད་མཁྱེན་བརྩེ་ཆེན་མོའི་ཕྱག་བཟོ་ཡིན་པ་དང་། ཕྱི་ལོ་ ༡༥༠༣ ལོར་ཞྭ་དམར་སྐུ་ཕྲེང་བཞི་པས་བཞེངས་པའི་ཡངས་པ་ཅན་ཆོས་སྡེའི་ལྡེབས་བྲིས་རྣམས་ཀྱང་། སྨན་བླ་དོན་གྲུབ་ཡབ་སྲས་དང་། གོང་དཀར་མཁྱེན་བརྩེ་རྣམ་གཉིས་ཀྱིས་བཞེངས་པ་ནས། ད་དུང་པོ་ཏཱ་ལ་སོགས་ལའང་མཁྱེན་བརྩེ་ཆེན་མོའི་ཕྱག་རྩལ་གྱི་རྒྱུན་ཁྱབ་ཡོད་ལ། ད་ལྟའི་ཆར་ཡང་མཁྱེན་བརྩེ་ཆེན་མོའི་སྒྱུ་རྩལ་རི་མོའི་འཕྲིན་ལས་ཀྱི་རྒྱུན་མ་ཉམས་པ་གནས་ཡོད།་ མཁྱེན་ལུགས་རི་མོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི། མཁྱེན་ལུགས་ཀྱིས་རུས་ཚུགས་དང་འགྱིང་སྟབས་སྨན་ལུགས་དང་མི་འདྲ་ས་ནི། མཁྱེན་ལུགས་ཀྱི་ལྷ་དྲག་པོའི་རིགས་ཀྱི་འགྱིང་སྟབས་དང་རོལ་སྟབས་དྲག་ཤུལ་ཆེ་ལ་བདེ་ཉམས་དོད་པ་དང་། ཁྲོ་བོ་དང་དཀྱིལ་འཁོར་འབྲི་སྐབས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ། ཚོན་མདངས་ཅུང་ཟད་ཧར་ལ་རྒྱན་རིས་ཀྱིས་གང་བ། ཡུལ་ལྗོངས་ཀྱི་བཀོད་པ་ཞིབ་པ། བཅད་མདངས་མངོན་གསལ་དོད་པ་བཅས་ཡིན། ཞེས་མཁས་པ་གཞན་གྱིས་གླེང་བཞིན་ཡོད།
ཀུན་མཁྱེན་ཀུན་དགའ་རྣམ་རྒྱལ་གྱི་རྣམ་ཐར་དང་། ལམ་འབྲས་བླ་མ་བརྒྱུད་པའི་རྣམ་ཐར་དང་། སྡེ་སྲིད་ཀྱིས་མཛད་པའི་གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག ཤོག་གྲངས་ ༢༦༧ མང་དུ །
གོང་དཀར་དགའ་བས། [version: 2018-05-10]