SRC ID: S1216
འབྲས་སྤུངས་གནས་བཅུ་ལྷ་ཁང་།, དཔེ་ཨང་།: phyi da 23
f. 250b5-251a6: ཤིན་དུ་སྤྲོས་པ་མེད་པའི་དེ་ཁོ་ན་ཉིད་སྣང་བར་བྱེད་པའི་རྣམ་བཤད་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་འདི་ནི། མན་ངག་འདི་ལ་མོས་ཤིང་བསྒྲུབ་པའི་རྒྱལ་མཚན་འཛིན་པ་རི་བོ་ཆེ་པ་བསོད་ནམས་རྒྱལ་མཚན་གྱིས་དུས་རིང་པོ་ནས་བསྐུལ་བ་དང་། ལུང་དང་རིགས་པའི་བློ་མིག་རྣམ་པར་དག་པ་དང་ལྡན་པ་ཆོས་གླིང་པ་དབོན་པོ་ཤཱཀྱ་འོད་ཟེར་གྱིས་འབུལ་བ་མེ་ཏོག་གི་དངོས་པོ་དང་བཅས་ནས་བསྐུལ་ཞིང་། དགེ་བའི་བཤེས་གཉེན་སྐྱབས་མཆོག་དཔལ་བཟང་པོས་ཀྱང་དུས་དུས་སུ་ཉེ་བར་བསྐུལ་བའི་ངོར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དམིགས་པའི་མཁྱེན་རབ་དང་ཐུགས་རྗེ་གཅིག་ཏུ་བསྡུས་པ་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་ཆེན་པོ་ཨ་བ་དྷུ་ཏི་པ་བསོད་ནམས་ཀྱི་མཚན་ཅན་གྱི་ཞབས་རྡུལ་སྤྱི་བོས་ལེན་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོས། དཔལ་གཤིན་རྗེ་གཤེད་ཀྱི་རྒྱུད་དང་། དེའི་འགྲེལ་པ་དང་། གློ་བོ་ལོ་ཙྪ་བའི་འཁྲིད་ཡིག་དང་གསུང་སྒྲོས་ཐོར་བུ་རྣམས་དང་། དོལ་པོ་དབང་བརྩོན་དང་། དགེ་སློང་ཤེས་རབ་དར་གྱི་ཟིན་བྲིས་ལ་སོགས་པ་དང་། བྲམ་ཟེ་དཔལ་འཛིན་ལས་བརྒྱུད་པའི་རྣལ་འབྱོར་བཞིའི་འཁྲིད་ཡན་ལག་དང་བཅས་པ་སྙན་ཅིང་རྟོགས་པ་དང་། སྤྲོས་མེད་དཀར་ལུགས་ལ་སོགས་པའི་མན་ངག་ཀྱང་མཐོང་ཞིང་ཐོས་ལ། གཞན་ཡང་རྣལ་འབྱོར་དབང་ཕྱུག་ཉིད་ཀྱིས་མཛད་པའི་གསུང་ངག་རིན་པོ་ཆེ་དང་། དྷོ་ཧ་མཛོད་དང་། ཕྱག་རྒྱ་ཆེན་པོ་བརྡའི་བསྐོར་ལ་སོགས་པ་མན་ངག་ཟབ་མོ་རྣམས་དང་། བླ་མ་གོང་མའི་མན་ངག་ལ་རྟེན་ནས་ཉི་མའི་ལོ་དགུན་ཟླ་ར་བའི་ཡར་གྱི་ཚེས་བརྒྱད་ལ་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་དབུ་རྩེ་རྙིང་མ་ཞེས་བྱ་བར་ཡོངས་སུ་རྫོགས་པར་སྦྱར་བའི་ཡི་གེ་པ་ནི། ཆོས་འདི་ཉིད་ལ་དད་[cing] ལྷག་པར་མོས་པའི་དགེ་སློང་དཔལ་ལྡན་བཤེས་གཉེན་གྱིས་བགྱིས་སོ། །འདིས་ཀྱང་བསྟན་པ་དང་མཐའ་ཡས་པའི་སེམས་ཅན་རྣམས་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །ཉམས་ཁྲིད་མ་བྱས་པ་ལ་དཔེ་མི་སྟོན་པའི་བཀའ་རྒྱ་ཡོད་དོ། །
སཾ་བྷོ་ཊའི་དབོན་བརྒྱུད་དཔེ་ཚོགས་ཀྱི་ཆོས་ཚན་དཀར་ཆག no. 28