h2. གོང་དཀར་ཆོས་སྡེ་དང་། རྫོང་པའི་ཆོས་བརྒྱུད་ཀྱི་སྐོར།
གོང་དཀར་ཆོས་སྡེའམ་གོང་དཀར་རྡོ་རྗེ་གདན་ནི། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་(༡༤༣༢–༡༤༩༦) གྱིས་ཕྱི་ལོ་ ༡༤༦༤ ལོར་ཕྱག་བཏབ་པ་དང་། རྡོ་རྗེ་གདན་པ་དེ་ཉིད་སྣེ་གདོང་གོང་མའི་སྡེ་པ་ཡར་རྒྱབ་པའི་སྲས་སུ་སྐུ་བལྟམས་ཤིང་སྐུ་གཞོན་ནུ་ནས་གོང་དཀར་རྫོང་དཔོན་གྱི་གོ་ས་བཞེས། ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་དངོས་སློབ་བྲག་ཐོག་པ་བསོད་ནམས་བཟང་པོའི་དྲུང་ལམ་འབྲས་སོགས་དཔལ་ལྡན་ས་སྐྱ་པའི་ཟབ་ཆོས་ཕལ་མོ་གསན་ཏེ། དབུས་ཕྱོགས་སུ་དཔལ་ལྡན་ས་སྐྱ་པའི་བསྟན་པ་སྟོབས་ཀྱིས་འདེགས་པའི་བསྟན་འཛིན་དུ་གྱུར། ཁུ་བོ་པཎ་ཆེན་བྱམས་པ་གླིང་པ་ལས་དགེ་ཚུལ་སློང་གི་སྡོམ་པ་བཞེས། ཀུན་མཁྱེན་སངས་རྒྱས་འཕེལ་དང་། གླིང་སྨད་ཤེས་རབ་དཔལ་ལྡན་གྱི་དྲུང་མདོ་ཕྱོགས་ལ་སློབ་གཉེར་མཛད། ཞ་ལུ་ཤར་ཆེན་ཡེ་ཤེས་རྒྱལ་མཚན་གྱི་དྲུང་རྒྱུད་སྡེའི་བཤད་བཀའ་དང་དབང་མན་ངག་མང་དུ་གསན། ཆོས་གྲྭ་དེ་ཉིད་དུ་མདོ་སྔགས་གཉིས་ཀའི་འཆད་ཉན་དང་། རྒྱུད་སྡེའི་དཀྱིལ་འཁོར་མང་པོའི་སྒྲུབ་པ་བཙུགས། གར་འཆམ་དང་ཕྱག་བཞེས་ཐུན་མོང་མིན་པའི་སྲོལ་ཕྱེ་སྟེ། ལོ་ངོ་བརྒྱ་ཕྲག་མང་པོའི་རིང་མདོ་སྔགས་རིག་གནས་དང་བཅས་པའི་སློབ་གཉེར་དང་ཕྱག་ལེན་གྱི་བསྟི་གནས་སུ་གྱུར་ཞིང་། མཁས་གྲུབ་རིག་པའི་གློག་འཕྲེང་། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། རབ་འབྱམས་པ་རིན་ཆེན་རྒྱ་མཚོ། ཀུན་མཁྱེན་ཚེ་དབང་བཀྲ་ཤིས། ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས། མཁན་ཆེན་པོ་ཏ་ལ་པ་བསྟན་འཛིན་ཚུལ་ཁྲིམས་སོགས་མཁས་གྲུབ་མང་དུ་བྱོན། ཆོས་གྲྭ་དེ་ཉིད་དུ་ཚར་ཆེན་ཆོས་ཀྱི་རྒྱལ་པོ་དང་། རྗེ་བཙུན་ཀུན་དགའ་གྲོལ་ཆོག མགོན་པོ་བསོད་ནམས་མཆོག་ལྡན། རིན་ཆེན་བསོད་ནམས་མཆོག་གྲུབ། རྡོ་བྲག་རིག་འཛིན་པད་མ་འཕྲིན་ལས་སོགས་བྱོན་ནས་དབང་ལུང་མན་ངག་ཕྱག་བཞེས་སོགས་གསན་བསམ་མཛད་དེ་ལུགས་དེ་ཉིད་ཕྱོགས་སུ་འཕེལ་བར་མཛད།་ རྡོ་རྗེ་གདན་པ་རྗེ་ཉིད་ཀྱི་ཞལ་སློབ་མཁྱེན་བརྩེ་ཆེན་མོས་མཁྱེན་ལུགས་ཞེས་པའི་བྲིས་འབུར་གྱི་ལུགས་གསར་པ་བཙུགས་ཤིང་། ཕྱིས་མཁྱེན་བརྩེའི་དབོན་པོ་ཚེ་དབང་ཀུན་མཁྱེན་དང་། གོང་དཀར་སྤྲུལ་སྐུ་སྦྱིན་པ་རྣམ་རྒྱལ་སོགས་བྱོན་ནས་སྒྱུ་རྩལ་གྱི་སྲོལ་ཐུན་མོང་མིན་པ་འཕེལ་བར་མཛད།་
ཆོས་སྡེ་དེ་ཉིད་ཀྱི་བུ་དགོན་ནམ་དགོན་ལག་ནི། རྗེ་དེ་ཉིད་ཀྱི་དབེན་གནས་ཀྱི་ཚུལ་དུ་བདེ་ཆེན་ཆོས་འཁོར་དང་། སྙེ་ཐང་བཀྲ་ཤིས་སྒང་དང་། སྙེ་ཐང་ཆོས་རྫོང་གི་གདན་ས་བ་དག་རྡོ་རྗེ་གདན་པ་དེ་ཉིད་ཀྱི་སྐུ་དངོས་ཀྱི་སློབ་མར་གྱུར་ཏེ་དེ་དག་ལ་ཡང་རྗེ་དེ་ཉིད་ཀྱི་སྲོལ་དར། གཞན་གཞུང་སྤྲེའུ་ཞིང་དུ་རྗེ་མི་ལའི་བླ་མ་རྔོག་ཆོས་སྐུ་རྡོ་རྗེའི་གདན་ས་དང་། ལྷ་སའི་སྟོད་འབྲོམ་ཐོད་དུ་གཉན་ལོ་ཙཱ་བ་ཆེན་པོའི་བསྟི་གནས་མགོན་པོ་ཞལ་བཞི་རང་བྱོན་དུ་ཡོད་པའི་ཕུག་པ་ངོ་མཚར་ཅན། ལྷ་ལྡན་གཙུག་ལག་ཁང་གི་བར་སྐོར་ཤར་ངོས་རྨི་རུ་རྙིང་པར་དཔལ་མགོན་ཞལ་བྲམ་ཟེའི་གཟུགས་ཅན་གྱི་མགོན་ཁང་། ཕོ་བྲང་ཆེན་པོ་པོ་ཏཱ་ལར་དུས་འཁོར་ལྷ་ཁང་། ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་གྱི་གཙུག་ལག་ཁང་། པོ་ཏཱ་ལའི་ཞོལ་ཚེ་སྒྲུབ་ཁང་སོགས་ཡོད།
གོང་དཀར་བའི་ལུགས་དེ་ཉིད་ལ་ཐེག་ཆེན་ལུགས་སམ་རྫོང་ལུགས་ཞེས་ཀྱང་གྲགས་ཏེ། འཇམ་མགོན་ཨ་མྱེས་ཞབས་ཀྱིས།་"སྤྱིར་རྗེ་བཙུན་ས་སྐྱ་པའི་བསྟན་འཛིན་ལ། མདོ་ཕྱོགས་ཀྱི་བསྟན་འཛིན་གཡག་རོང་རྣམ་གཉིས་དང་། ཟབ་མོ་རྡོ་རྗེ་ཐེག་པ་གཙོ་བོར་འགྱུར་པ་ལ་ངོར་རྫོང་གཉིས་ཞེས་ཡོངས་སུ་གྲགས་པའི་ངོར་རྫོང་གཉིས་ནི་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་སློབ་མ་དག་ལས་གྱེས་པ་ཡིན་ཏེ། དེ་ཡང་ཆོས་རྗེ་དེ་ལ་སྤྱིར་སློབ་མའི་མཆོག་སྔགས་ཀྱི་རྒྱལ་ཚབ་ཆེན་པོ་གཉིས། གསུང་ངག་འཛིན་པའི་ཐུགས་ཀྱི་སྲས་མཆོག་བརྒྱད། བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་བཞི། ཡོངས་སུ་གྲགས་པའི་མཁས་མཆོག་བཅུ་ལ་སོགས་པ་མང་དུ་བྱོན་པའི་གསུང་ངག་འཛིན་པ་བརྒྱད་ཀྱི་ནང་ཚན་རྫོང་ཆུང་བ་སྔགས་འཆང་གཟུངས་ཀྱི་དཔལ་བ་(༡༣༠༦–༡༣༨༩) དང་། ངོར་ལུགས་ཀྱི་རྒྱུད་པའི་རྩ་བ་བླ་མ་དཔལ་ལྡན་ཚུལ་ཁྲིམས་པ་གཉིས་ལས་གསུང་ངག་གི་བཀའ་འཛིན་པའི་རྒྱུད་པ་སོ་སོར་འཕེལ་ཏེ། ཞེས་དང་། དེ་ཡང་དང་པོ་ལས་ཆོས་རྗེ་བཟང་པོ་རྒྱལ་མཚན་དེ་ལས་རྒྱལ་མཚན་དཀོན་མཆོག་དང་། དགེ་བ་རྒྱལ་མཚན་སོགས་དང་། རྒྱལ་མཚན་དཀོན་མཆོག་ལས་མཁས་གྲུབ་ཆེན་པོ་གཙང་གི་རིགས་སུ་འཁྲུངས་པ་མུས་སྲད་པ་རྡོ་རྗེ་རྒྱལ་མཚན་སོགས་པ་མང་དུ་འཕེལ། དེ་རྣམས་ལས་བརྒྱུད་དེ་དར་བའི་ལམའབྲས་ལ་རྫོང་ལུགས་དང་། གཞན་ཡང་ཆོས་རྗེ་བླ་མའི་སློབ་མ་ཡོངས་གྲགས་མཁས་པ་བཅུའི་ནང་ཚན་ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲིས་ལས་ཉེ་ལྡེ་བ་ཀུན་དགའ་རྒྱལ་མཚན་དང་། བྲག་ཐོག་པའི་བསོད་ནམས་བཟང་པོ་སོགས་མང་དུ་འཕེལ་བའི་བྲག་ཐོག་པའི་ཐུགས་སྲས་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་ཏེ། དེ་ལྟར་མང་དུ་བྱོན་པའི་མཁས་མཆོག་རྡོ་རྗེ་རྒྱལ་མཚན་སོགས་ལ་རྫོང་པ་སྡ་རབས་པ་དང་། རྡོ་རྗེ་གདན་པ་སོགས་ལ་རྫོང་པ་ཕྱི་རབས་པ་ཞེས་ཀྱང་གྲགས་སོ།"་ཞེས་གསུངས་སོ། ། རྫོང་ལུགས་ནི་ས་སྐྱ་རྙིང་མའི་སྲོལ་འཛིན་པར་གྲགས་ཏེ། དེ་ཡང་གསུང་ངག་ཆོས་འབྱུང་ཀུ་མུ་ཏའི་འཕྲེང་བ་ལས།་
ཚོགས་བསྒོམ་རིན་པོ་ཆེའི་སློབ་མ་ཉན་ཆེན་པ། འཇམ་སྐྱ་བོ་སོགས་ནས་བརྒྱུད་པ་དང་། འཕགས་པ་རིན་པོ་ཆེའི་སློབ་མ་ཞང་དཀོན་མཆོག་དཔལ། དེའི་སློབ་མ་ནམ་བཟའ་བྲག་ཕུག་པ། དེ་ནས་བརྒྱུད་པ་ལ་ནམ་བཟའ་པ། ལམ་འབྲས་པ་ཡེ་ཤེས་དཔལ། སློབ་བཟང་དཀར་མོ་སོགས་མན་མཁར་བའི་སློབ་བརྒྱུད་དང་། ཡང་ནམ་བཟའ་པ་ ཆོས་རྗེ་དཀོན་མཆོག་རྒྱལ་མཚན། ས་སྐྱ་བུ་སྟོན། ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས་སོགས་ནས་བརྒྱུད་པའི་སློབ་བརྒྱུད་རྣམས་དང་། ཡང་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཆོས་རྗེ་བཟུངས་ཀྱི་དཔལ་སོགས་ནས་བརྒྱུད་པ་ལ་རྫོང་ལུགས་དང་། ཡང་བྲག་ཕུག་པ། ཆོས་རྗེ་བཟང་པོ་རྒྱལ་མཚན་སོགས་ནས་བརྒྱུད་པ་དང་། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་བུདྷ་ཤྲི། རྡོར་གླིང་རིན་པོ་ཆེ་སོགས་ནས་བརྒྱུད་པ་དང་། ཆོས་རྗེ་བཟུངས་པ། བླ་མ་ཀླུ་པ་སེང་རྒྱན་ནས་བརྒྱུད་པ་དང་། འཇམ་དལ་བ་ནས་བརྒྱུད་པ་སོགས་ལ། ས་སྐྱ་རྙིང་མ་ཞེས་གྲགས་ཞིང་། ཁྱད་པར་ཆོས་རྗེ་བཟུངས་པ་དང་། ཆོས་རྗེ་ཀུན་དགའ་རྒྱལ་མཚན་ནས་བརྒྱུད་པ་ལ་ལམ་འབྲས་རྫོང་པ་ལུགས་ཞེས་གྲགས་སོ། །ཡང་ཤར་པ་ཡེ་ཤེས་རྒྱལ་མཚན་དང་། གྲུབ་ཆེན་བུདྷ་ཤྲི་གཉིས་ལ། རྗེ་ཀུན་དགའ་བཟང་པོས་ཞུས་ཏེ་བརྒྱུད་པ་ལ། ས་སྐྱ་གསར་མའམ་ངོར་ལུགས་ཞེས་གྲགས་ལ། ཡང་། མན་དཀར་བ་སློབ་བཟང་ལ་ཐོག་མར་ཞུས་ཤིང་། ཕྱིས་བླ་མ་དམ་པ། ལོ་ཆེན་བྱང་རྩེ། ལོ་ཆེན་གྲགས་རྒྱལ་ནས་བརྒྱུད་དེ། བོ་དོང་པ་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་བས་ཞུས་ཏེ་དར་བ་ལ་ལམ་འབྲས་བོ་དོང་ལུགས་ཞེས་གྲགས་སོ། །དིང་སང་ནི་རྫོང་ལུགས་དང་། ངོར་ལུགས་གྲགས་ཆེ་ཞིང་དར་བར་བཞུགས་སོ། །ཞེས་འབྱུང་ངོ་། །
p>. བློ་གསལ་དོན་གྲུབ་གྱིས། [version: 2019-02-15]