རྡོ་རྗེ་འཆང་བློ་གྲོས་དབང་ཕྱུག

ཕྱིའི་དྲྭ་སྦྲེལ།

SRC ID: P1022
TBRC ID: P5717

ལོ་དུས།

  • ཕལ་ཆེར།: 17th/18th cent.

རྣམ་ཐར་བསྡུས་པ།

རྗེ་འདིའི་མཚན་གཞན་ལ། མཁས་གྲུབ་དམ་པ་བློ་གྲོས་དབང་ཕྱུག གོང་དཀར་རྡོ་རྗེ་འཆང་བློ་གྲོས་དབང་ཕྱུག སྒྱི་ཆུ་མཁན་ཆེན་བློ་གྲོས་དབང་ཕྱུག་ཅེས་གྲགས། རྗེ་འདི་ནི་རབ་བྱུང་བཅུ་པའི་ནང་དུ་བྱོན། འཇམ་མགོན་ཨ་མེས་ཞབས་དང་། བྱམས་པ་བསྟན་པ་རྒྱ་མཚོ་སོགས་དང་། ལྷག་པར་དུ། གོང་དཀར་མངོན་དགའ་བ་མང་ཐོས་རྒྱ་མཚོ་ནས་དཔལ་ས་སྐྱ་པའི་ཡབ་ཆོས་ཡང་ཕུར་གཉིས་ལ་སོགས་པ་གསན་ཏེ་མཁས་པར་སྦྱངས།་ ལྕགས་གླང་། ཕྱི་ལོ་ ༡༧༢༡ ལོར། ངག་དབང་ཀུན་དགའ་བསོད་ནམས་རིན་ཆེན་གོང་དཀར་རྡོ་རྗེ་གདན་དུ་གདན་དྲངས་ཏེ། འདུས་ཚོགས་ནས་ཀྱེ་རྡོར་གུར་རིགས་བསྡུས་སོགས་ཀྱི་མཆོད་གར་དང་། རྡོ་རྗེ་གཞོན་ནུའི་གྲུབ་འཆམས། གུར་གྱི་མགོན་པོའི་ལས་མཁན་རུ་འདྲེན་གྱི་གར་འཆམས་རྣམས་གཟིགས་འབུལ་ཞུས་ཤིང་། ཐུན་མོང་མ་ཡིན་པའི་མགོན་ཁང་སོགས་གཙུག་ལག་ཁང་དང་། ཀུན་མཁྱེན་རྡོ་རྗེ་གདན་པས་དབེན་གནས་སུ་བཏབ་པའི་བདེ་ཆེན་ཆོས་འཁོར་སོགས་ལ་གནས་གཟིགས་སུ་གདན་དྲངས། མ་ཟད་རྗེ་འདིས་གོང་དཀར་རྡོ་རྗེ་གདན་གྱི་ཆོས་གྲྭ་ཉིད་དུ། བདག་ཆེན་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་རིན་ཆེན་ལ། སྐྱབས་གསུམ་འཛིན་པ་དང་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་གཉིས། སོ་སོ་ཐར་པའི་སྡོམ་པ་དང་། ཐེག་ཆེན་དབུ་སེམས་གཉིས་ཀྱི་ཆོ་གའི་སྒོ་ནས་སེམས་བསྐྱེད། བྱང་སེམས་ཀྱི་སྡོམ་པ་འབུལ་གནང་མཛད་ཅིང་། ཁྱད་པར་དུ། གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་དབུས་པའི་བླ་མ་དག་གི་དྲུང་ནས། གསུང་ངག་ལམ་འབྲས་སྤྱི་དང་ཡང་སྒོས་རྫོང་ལུགས་ཀྱི་ལམ་འབྲས་ཆ་ལག་དང་བཅས་པ། གུར་མགོན་ཆོས་སྐོར། གོང་དཀར་མགོན་པོད་ཀྱི་ལུང་སོགས་བསམ་གྱིས་མི་ཁྱབ་པ་གསན་པ་རྣམས། བདག་ཆེན་འདི་དང་གང་གི་ཐུགས་སྲས་གོང་དཀར་རྣམ་གྲོང་པ་ཆོས་དབང་རྒྱ་མཚོ་སོགས་ལ་ལེགས་པར་བསྩལ་ནས་དར་ཞིང་རྒྱས་པར་མཛད།་་ སྔགས་འཆང་ཀུན་དགའ་བསོད་ནམས་ཀྱིས་ས་སྐྱར་རྣམ་རྒྱལ་ལྷ་དགུའི་སྐུ་བརྙན་སོགས་དང་། མཆོད་རྟེན་བཞེངས་པར་རྗེ་འདི་རབ་གནས་སུ་གདན་དྲངས་པ་ལྟར་རབ་གནས་མཛད། ད་དུང་རྗེ་འདིའི་སྐོར་ལ་ས་སྐྱའི་གདུང་རབས་ལས། རྗེ་འདིས་ས་སྐྱའི་ཁྲི་ཐོག་སོ་གསུམ་པ་ངག་དབང་ཀུན་དགའ་བསོད་ནམས་རིན་ཆེན་༡༧༠༥ ལོར་འཁྲུངས་དུས། རྗེ་འདིའི་མཚན་ལྟས་སུ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོའི་རྣམ་སྤྲུལ་ཡིན་པ་ཤིན་ཏུ་གསལ་བས། དྲུང་ཡིག་ཀུན་དགའ་བསམ་གྲུབ་ལ་དེའི་གནས་ཚུལ་གསུང་བ་དང་བཅས། རང་རེ་རྣམས་ནས་ཞབས་ཕྱི་ཚུལ་བཞིན་བྱུང་ན། ངན་སོང་དུ་མི་སྐྱེ་བའི་ཁག་ཐེག་ཅེས་གསུངས་ཚུལ་དང་། ཡང་། བསམ་ཡས་ཆོས་སྐྱོང་དང་རྭ་སྨད་བསེ་ཁྲབ་ཆོས་སྐྱོང་གི་ལུང་ལས་ཡུལ་དབུས་སུ་མཆོད་རྟེན་ཁང་བརྩེགས་དང་ཇོ་དར་བཙུགས་པས་གདུང་འབྱུང་བར་ལུང་བསྟན་པ་བཞིན་གོང་དཀར་དམ་པ་བློ་གྲོས་དབང་ཕྱུག་གིས་ས་དཔྱད་གཟིགས་པས་སྒྲོལ་མ་ལྷ་ཁང་དང་ཇོ་མོ་ཐགས་ར་གཉིས་ཡུལ་དབུས་སུ་འདུག་པས་མཆོད་རྟེན་སྒྲོལ་མ་གཙུག་ལག་ཁང་གི་རྒྱབ་དང་། ཇོ་དར་ཇོ་མོ་ཐགས་རར་བཙུགས་པས་དར་ཤིང་ལས་ཡལ་ག་ཁྲུ་གང་ཙམ་གསུམ་བྱུང་བ་སོགས་ཀྱི་ངོ་མཚར་བྱུང་བ་སོགས་ཀྱི་ངོ་མཚར་རྣམ་ཐར་ཡང་མང་། རྗེ་འདི་སྒྱི་ཆུ་དགོན་དུ་མཁན་པོར་ཕེབས་པས། ཡིག་ཆ་ཁག་ཏུ་སྒྱི་ཆུ་མཁན་ཆེན་བློ་གྲོས་དབང་ཕྱུག་ཅེས་གསལ། སློབ་མ་ལ། སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་རིན་ཆེན་དང་། གྲུབ་དབང་རིན་ཆེན་རྒྱ་མཚོ། རྣམ་གྲོང་པ་ཆོས་དབང་རྒྱ་མཚོ་སོགས་མང་དུ་བསྐྲུན་པར་མཛད་དོ། །

ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་། ཤོག་གྲངས་༥༧༥། ༦༢༢།༦༢༩ སོགས་སུ་གསལ། དེབ་གཟུགས།་་༸སྐྱབས་མགོན་༸གོང་མ་རིན་པོ་ཆེའི་གསན་ཡིག གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག་སོགས་ལས་བཏུས།

p>. གོང་དཀར་དགའ་བས། [version: 2018-05-10]

པར་སྐྲུན།