མཁན་ཆེན་ཆོས་དབང་རྒྱ་མཚོ།

ཕྱིའི་དྲྭ་སྦྲེལ།

SRC ID: P1023
TBRC ID: P7196

ལོ་དུས།

  • ཕལ་ཆེར།: 17th/18th cent.

རྣམ་ཐར་བསྡུས་པ།

མཚན་རྒྱས་པར། གོང་དཀར་རྣམ་གྲོང་རྡོ་རྗེ་འཆང་ཆོས་དབང་རྒྱ་མཚོ་ནི། ས་ཆེ་ཀུན་དགའ་བློ་གྲོས། གོང་དཀར་རྡོ་རྗེ་འཆང་བློ་གྲོས་དབང་ཕྱུག་སོགས་ཀྱི་ཞབས་ལ་བསྟེན་ཏེ་མཁས་པའི་གོ་འཕང་བརྙེས། ཁྱད་པར་དུ། གོང་དཀར་རྡོ་རྗེ་འཆང་བློ་གྲོས་དབང་ཕྱུག་སོགས་ཀྱི་ཞབས་དྲུང་ནས་མདོ་སྔགས་ཀྱི་ཆོས་སྤྱི་དང་། དཔལ་ལྡན་རྫོང་པའི་ལམ་འབྲས་སོགས་ཀྱི་བཀའ་སྲོལ་དྲི་མ་མེད་པ་གསན་ཏེ། རྗེ་ཕུན་ཚོགས་རྣམ་རྒྱལ་དང་། གྲུབ་རྒྱལ་གླིང་པ་བསོད་ནམས་རྒྱལ་མཚན་སོགས་སུ་བསྩལ་ཏེ་དར་རྒྱས་སུ་མཛད་པ་དང་། རྗེ་འདིས་གོང་དཀར་གྱི་སློབ་བརྒྱུད་ཙམ་མིན་པར་ས་སྐྱ་གོང་མ་ས་ཆེན་ཀུན་དགའ་བློ་གྲོས་སོགས་ཀྱི་དབུ་བླ་དང་ཞབས་རིམ་སོགས་མཛད་པ་ནི། གདུང་རབས་རིན་ཆེན་བང་མཛོད་ལས། ཤིང་ཕག་ ༡༧༥༥ ལོར། གོང་དཀར་རྡོ་རྗེ་འཆང་ཆོས་དབང་རྒྱ་མཚོས་ས་སྐྱའི་ཁྲི་ཐོག་སོ་གཅིག་པ་ས་ཆེན་ཀུན་དགའ་བློ་གྲོས་ལ། བཀའ་ཆོས་གནང་བའི་འགོ་ཚུགས་ཏེ། བཀའ་ཆོས་དུ་མ་འབུལ་བར་མཛད་པ་དང་། ས་ཆེན་ཀུན་དགའ་བློ་གྲོས་ཀྱི་བཀའ་དགོངས་བཞིན་གོང་དཀར་རྡོ་རྗེ་གདན་གྱི་གྲྭ་གྲངས་ལྔ་བརྒྱ་ཙམ་གྱི་གུར་རིགས་བསྡུས། ཀྱེ་རྡོར་བཀའ་བབས་བཞི། བདག་མེད་མ། གསང་འདུས་མི་བསྐྱོད་པ། སྒྲོལ་མ་བཅུ་བདུན་མ།འཇིགས་བྱེད་རོ་ལངས་བརྒྱད་སྐོར། བཅུ་གསུམ་མ། ཞེ་དགུ་མ། ཀུན་རིག རྣམ་འཇོམས་བིར་ལུགས་རྣམས་ཀྱི་དཀྱིལ་འཁོར་རྡུལ་ཚོན་སྒྲུབ་མཆོད་སོགས་ཀྱི་ཞབས་རིམ་བསྒྲུབས་པར་མཛད་ཅིང་དེའི་དགོས་མཁོ་ཆ་ཚང་ས་ཆེན་ཉིད་ནས་བསྩལ། ཡང་དུས་རབས་དེའི་ནང་དུ། གོང་དཀར་དམ་པ་དེ་ཉིད་ཀྱིས་བུ་རྫི་མའི་མདོས་འཛུགས་གནང་བའི་མཚན་ལྟས་ངོ་མཚར་ཆེ་བ་བྱུང་བ་སོགས་གསལ་ལ། ས་ཆེན་ཀུན་དགའ་བློ་གྲོས་སྐུ་མཆེད་ལ་གསུང་ཆོས་འབུལ་བ་དང་། ཞབས་རིམ་སྒྲུབ་པ་སོགས་མཛད་པར་བལྟས་ན། རྗེ་འདི་ལ་ས་ཆེན་ཀུན་དགའ་བློ་གྲོས་ཀྱིས་ཆེས་བླ་ན་མེད་པར་བཀུར་བའི་བླ་མ་ཞིག་ཏུ་བཀུར་བཞིན་པར་མངོན་ལ། དཔལ་ལྡན་རྫོང་པ་གོང་དཀར་བའི་ལམ་འབྲས་གཙོ་བོར་གྱུར་པའི་ཐུན་མོང་མ་ཡིན་པའི་གདམས་ངག་གི་བརྒྱུད་པའི་བླ་མ་གལ་ཆེན་ཞིག་ཀྱང་ཡིན་པས་སློབ་མ། ཀུན་མཁྱེན་ཀུན་དགའ་ཆོས་འཕེལ། རྗེ་ཕུན་ཚོགས་རྣམ་རྒྱལ། གྲུབ་རྒྱལ་གླིང་པ་བསོད་ནམས་རྒྱལ་མཚན་སོགས་བྱོན། རིག་གནས་གསར་བརྗེའི་སྐབས་རྗེ་འདིའི་རྣམ་ཐར་དབོར་བརླག་ཏུ་གྱུར་བས། འཁྲུངས་འདས་དང་ཡབ་ཡུམ། མཛད་རྣམ་ཞིབ་ཕྲ་ད་བར་མ་རྙེད།

ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་། ཤོག་གྲངས་༧༤༠། ༧༤༢ ༧༤༩ ༧༥༦་སོགས་སུ་གསལ། དེབ་གཟུགས། ས་ཆེན་ཀུན་དགའ་བློ་གྲོས། སྐྱབས་མགོན་གོང་མ་རིན་པོ་ཆེའི་གསན་ཡིག སོགས་ནས་བཏུས།

p>. གོང་དཀར་དགའ་བས། [version: 2018-05-10]

པར་སྐྲུན།