དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེའི་འཕྲེང་བ།

ཕྱིའི་དྲྭ་སྦྲེལ།

SRC ID: S1550

པོད་དང་ཤོག་གྲངས།

ff. 1a-156a

དཔེ་གཞི།

དཔེ་གཟུགས། (བྲིས་མ་དབུ་མེད།)

ཟུར་མཆན།

title page illegible, title acc. to sa skya'i gdung rabs mus srad pa_T [ms] (f. 156a2)

ཞུ་སྒྲིག་འགྲེལ་བརྗོད།

སཾ་བྷོ་ཊའི་དབོན་བརྒྱུད་དཔེ་ཚོགས་ཀྱི་ཆོས་ཚན་དཀར་ཆག་ནང་མི་འདུག

མུས་སྲད་པའི་གདུང་རབས་ལས་འཕྲོས་པའི་གཏམ་ལས དང་པོ། མཆོད་བརྗོད་དང་། བསྡུས་དོན་གྱིས་གླེང་སློང་བ།

གང་གི་འཕྲིན་ལས་ཉིན་མོར་བྱེད་པ་ཡིས༎ འགྲོ་ཀུན་ཕན་བདེའི་ལོ་ཐོག་རྒྱས་མཛད་ཅིང་༎ བླ་མེད་བྱང་ཆུབ་ལམ་མཆོག་སྟོན་མཛད་པའི༎ ས་སྐྱའི་བླ་ཆེན་ ^[1]^ རྣམས་ལ་ཕྱག་འཚལ་ལོ༎ ^[2]^ མདོ་རྒྱུད་མན་ངག་རྒྱ་མཚོའི་དགོངས་པའི་བཅུད༎ ལུང་རིགས་སྤོབས་པས་ཐུགས་ཀྱི་རྒྱ་མཚོར་བསྐྱིལ༎ ^[3]^ འཐད་སྒྲུབ་རིགས་པས་རྒྱལ་བསྟན་སྐྱོང་མཁས་པ༎ ^[4]^ རྗེ་བཙུན་མུས་སྲད་པ་ ^[5]^ ལ་གུས་ཕྱག་འཚལ༎

ཞེས་མཆོད་བརྗོད་སྔོན་དུ་བཏང་སྟེ། འདིར་གླེང་བར་བྱ་བ་ནི། སྤྱིར་སྔ་ཕྱིའི་མཁས་གྲུབ་མང་པོས་དཔལ་ལྡན་ས་སྐྱ་པའི་གདུང་རབས་དུ་མ་ཞིག་མཛད་པ་ལས། རྗེ་བཙུན་གྲགས་པ་རྒྱལ་མཚན་(༡༡༤༧-༡༢༡༦) གྱི་གདུང་རབས་དང་། དམ་པ་ཀུན་དགའ་གྲགས་ ^[6]^ ཀྱིས་མཛད་པའི་གདུང་རབས། ^[7]^ དེ་བཞིན་ཆོས་རྗེ་བླ་མ་དམ་པའི་དངོས་སློབ་ཤེས་རབ་རྡོ་རྗེས་མཛད་པའི་གདུང་རབས། ཉི་ལྡེ་བས་མཛད་པའི་གདུང་རབས། ^[8]^ རྗེ་སྟག་ཚང་ལོ་ཙཱ་བས་(༡༤༠༥-༡༤༧༧) མཛད་པའི་གདུང་རབས། ^[9]^ ་རྗེ་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་(༡༤༩༧-༡༥༥༧) ཀྱིས་མཛད་པའི་གདུང་རབས། ^[10]^ འཇམ་མགོན་ཨ་མེས་ཞབས་(༡༥༩༧-༡༦༥༩) ཀྱིས་མཛད་པའི་གདུང་རབས། ^[11]^ ས་ཆེན་ཀུན་དགའ་བློ་གྲོས་(༡༧༤༡-༡༧༨༣) ཀྱིས་མཛད་པའི་ས་སྐྱའི་གདུང་རབས་ཁ་སྐོང་། ^[12]^ དྲག་ཤུལ་འཕྲིན་ལས་རིན་ཆེན་(༡༨༧༡-༡༩༣༥) གྱིས་མཛད་པའི་གདུང་རབས་ཡང་སྐོང། ^[13]^ ལ་སོགས་པ་དེང་དུས་མཇལ་དུ་ཡོད་མེད་ཇི་སྙེད་ཅིག་བྱོན་པ་ལས། ཕྱིས་ས་སྐྱའི་གདུང་རབས་སུ་ཡོངས་གྲགས་བྱེད་པའི་གདུང་རབས་རིན་ཆེན་བང་མཛོད་སོགས་ཀྱི་ཕྱི་མོར་ ^[14]^ གྱུར་པ། རྗེ་བཙུན་མུས་སྲད་ ^[15]^ པ་ཆེན་པོ་རྡོ་རྗེ་རྒྱལ་མཚན་(༡༤༢༤-༡༤༩༨) གྱིས་མཛད་པའི་(དཔལ་ལྡན་ས་སྐྱའི་གདུང་རབས་རིན་པོ་ཆེའི་ཕྲེང་བ།) ཞེས་བྱ་བ་འདི་ནི། གདུང་རབས་གཞན་ལྟར་གདུང་བརྒྱུད་ཁོ་ནའི་བྱུང་བ་བརྗོད་པ་མིན་པར། དཔལ་ལྡན་ས་སྐྱ་པའི་སློབ་བརྒྱུད་དང་དཔོན་ཆེན་གྱི་རབས། ད་དུང་དེ་དག་གི་ཕྱི་རྟེན་ཚུན་ཆད་ཞིབ་པར་གསལ་ལ། བོད་སྤྱིའི་ལོ་རྒྱུས་ཀྱི་དཔྱད་གཞིར་ཉེར་བར་མཁོ་བའི་རྒྱུ་ཆ་ཕུན་སུམ་ཚོགས་ཤིང་། དཔལ་ལྡན་ས་སྐྱ་པའི་གདུང་རབས་སྔ་ཤོས་ཀྱི་གྲས་སུ་བྱོན་པ་ཞིག་ཀྱང་ཡིན། དེ་ཡང་མཛད་བྱང་དུ་གདུང་རབས་འདི་ཉིད་ནམ་མཛད་པའི་ཚུལ་ནི། གདུང་རབས་ཉིད་ལས། དཔལ་ལྡན་ས་སྐྱའི་དགོན་པ་བཏབ་ནས། ལོ་བཞི་བརྒྱ་དང་གསུམ་ལོན་པ་ཤིང་མོ་ལུག་གི་ལོ་མཆུ་ཟླ་ཉེར་གཉིས་ལ། རྩངས་བྱམས་པ་རྡོ་རྗེ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་དགོན་པའམ་ཆོས་གྲྭ་ཆེན་པོར་སྦྱར་བའོ༎ ཞེས་གསུངས་པས་ལྟར་ཕྱི་ལོ་ ༡༤༧༥ བོད་ཟླ་ ༡ ཚེས་ ༢༢ ཉིན་གདུང་རབས་འདི་ཉིད་མཇུག་རྫོགས་པར་མཛད་པ་ཡིན་ལ། རྗེ་བཙུན་མུས་སྲད་པ་ཆེན་པོས་མཛད་པའི་གདུང་རབས་འདིའི་མཚན་དངོས་ལ། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་དཔལ་ལྡན་ས་སྐྱའི་གདུང་རབས་རིན་པོ་ཆེའི་ཕྲེང་བ། ཞེས་མཚན་བྱང་དུ་གསལ་ནའང་། དུས་ཕྱིས་སུ་གདུང་རབས་རིན་ཆེན་བང་མཛོད་སོགས་སུ་གདུང་རབས་འདི་ཉིད་ཀྱི་མཚན་མཛད་པ་པོའི་མཚན་ལས་དྲངས་ཏེ། མུས་སྲད་པའི་གདུང་རབས་ཞེས་ཡོངས་གྲགས་སོ། ། འོན་ཀྱང་བོད་དུ་རྒྱའི་བཙན་འཛུལ་དང་ལྷག་པར་རིག་གནས་གསར་བརྗེའི་མཇུག་འབྲས་སུ་བོད་ཀྱི་རྩ་ཆེའི་རིག་གཞུང་དུ་མ་ཞིག་ཐོར་ཞིག་ཏུ་སོང་བའི་ཁྲོད་གདུང་རབས་འདི་ཉིད་ཀྱང་བོར་བརླག་ཏུ་སོང་བའི་རྐྱེན་གྱིས་སྐྱེ་བོ་ཕལ་མོ་ཆེར་རྒྱུས་མེད་དུ་སོང་སྟབས་ཉེ་རབས་རྩོམ་སྒྲིག་ཞུས་པའི་དེབ་ཕྲེང་དང་རྩོམ་ཡིག་སོགས་སུ་དེའི་སྐོར་འཁོད་མེད། འོན་ཀྱང་གཞིས་བྱེས་གཉིས་སུ་གནས་པའི་རྫོང་པའི་སློབ་བརྒྱུད་ཁག་ནས་སེམས་འཁུར་གྱིས་རྫོང་པའི་ཕྱག་དཔེ་བོར་བརླགས་ཏུ་སོང་བ་འཚོལ་བསྡུ་ཞུས་པའི་ཁྲོད་རྩ་ཆེན་གྱི་གདུང་རབས་འདི་ཉིད་སླར་ཡང་རྙེད་སོན་བྱུང་། དེ་ཡང་སྤྱི་ཏི་རྒྱལ་ཁང་ནས་གདུང་རབས་དེ་ཉིད་བྲིས་མ་ ^[16]^ མཇུག་ཅུང་ཟད་མ་ཚང་བ་ཞིག་དང་། བལ་ཡུལ་ནས་སྤར་མ་ ^[17]^ ཞིག ཕྱི་ལོ་ ༢༠༠༨ ལོར་བོད་དུ་གདན་ས་ཆེན་པོ་ས་སྐྱ་ནས་བྲིས་མ་དཔེ་ཐུང་ཞིག་རྙེད་སོན་བྱུང་ཞིང་། ས་སྐྱ་ནས་རྙེད་སོན་བྱུང་བ་དེ་ཉིད་གཞིར་བཟུང་སྟེ། རྫོང་པའི་གདན་ས་གོང་དཀར་རྡོ་རྗེ་གདན་ནས། ཕྱི་ལོ་ ༢༠༡༢ ལོར་རྫོང་ཆེན་ཀུན་དགའ་རྣམ་རྒྱལ་(༡༤༣༢-༡༤༩༦) དྲན་གསོའི་མཆོད་སྤྲིན་ཆེན་མོ་དང་སྟབས་བསྟུན་རྫོང་པའི་དཔེ་རྙིང་འཚོལ་བསྡུ་ཁང་གིས་་"དཔལ་ལྡན་རྫོང་པའི་ཆོས་འབྱུང་དང་རྣམ་ཐར་གཅེས་བཏུས་"ཞེས་པ་ཕྱོགས་བསྒྲིགས་བྱས་པའི་ནང་ཐོག་མར་བསྐྱར་བསྐྲུན་ཞུས། དེ་རྗེས་སླར་ཡང་ ༢༠༡༨ ལོར་ས་སྐྱ་རྫོང་ལུགས་ཀྱི་ཆོས་སྐོར་ཕྱོགས་བསྡུས་ཆེན་མོའི་དེབ་ཕྲེང་ནང་དུ་སྤར་བསྐྲུན་ཞུས་ཡོད། དེ་ལྟ་ནའང་། ད་དུང་སྐྱེ་བོ་མང་པོའི་སྤྱོད་ཡུལ་དུ་མ་གྱུར་ཞིང་ལོ་རྒྱུས་སྨྲ་བ་དག་ལའང་ལྐོག་འགྱུར་དུ་སོང་སྟབས། དོན་གཉེར་ཅན་རྣམས་ལ་ངོ་སྤྲོད་མཚམས་སྦྱོར་ཡོང་བའི་སླད་གདུང་རབས་འདི་ཉིད་ཞིབ་པར་ལྟ་ཀློག་ཞུས་པའི་ཟིན་ཐོ་རྒྱས་པར་སྤྲོས་ཏེ། རྗེ་མུས་སྲད་པའི་གདུང་རབས་གི་ནང་དོན་རགས་བཤད་ཀྱི་སྒོ་ནས་གདུང་རབས་དེ་ཉིད་ཀློག་པ་པོ་རྣམས་ལ་ངོ་སྤྲོད་ཞུ་བར་བྱའོ༎

གཉིས་པ། གདུང་རབས་ཀྱི་ནང་དོན་ངོ་སྤྲོད།

གདུང་རབས་འདིའི་ནང་དོན་ས་བཅད་བཅུ་གསུམ་དུ་ཕྱེ་ནས་བསྟན་པ་ནི། (༡) འོད་གསལ་ལྷའི་གདུང་རབས། (༢) དྲི་མེད་འཁོན་གྱི་གདུང་རབས། (༣) ས་སྐྱ་སྤྱི་ལ་དབང་བའི་གདུང་རབས། (༤) སོ་སོར་དབང་མཛད་པའི་གདུང་རབས་བཞི། (༥) ས་སྐྱའི་གདན་རབས། (༦) ཧོར་གྱི་རྒྱལ་རབས། (༧) ཏི་ཤྲིའི་གདན་རབས། (༨) དཔོན་ཆེན་གྱི་གདན་རབས། (༩) ཁྲི་བསྐོར་བཅུ་གསུམ་གྱི་རྣམ་གྲངས། (༡༠) སློབ་དཔོན་ཆེན་པོ་རྣམས་ཀྱི་རབས། ༡༡) བླ་བྲང་རྣམས་ཀྱི་རྣམ་གྲངས། (༡༢) ཞར་བྱུང་རྟེན་གསུམ་དཀར་ཆག་དང་། (༡༣) སྐུ་འབུམ་རྣམས་ཀྱི་དཀར་ཆག་བཅས་སྡེ་ཚན་བཅུ་གསུམ་དུ་ཕྱེ་སྟེ་བསྟན་པ་ལས། སྐབས་འདིར་ཆ་ཚང་གླེང་བ་རྒྱ་ཆེས་པ་དང་། སྐབས་དོན་དང་མི་འབྲེལ་བས་དམིགས་བསལ་གྱི་ནང་དོན་གནད་བསྡུས་ཙམ་རེ་རིམ་བཞིན་སྨྲ་བར་བྱ་སྟེ།

(༡) འོད་གསལ་ལྷའི་གདུང་རབས་བསྟན་པའི་སྐབས་སུ། གདུང་བརྒྱུད་ལྷ་ལས་ཐོག་མར་ཇི་ལྟར་བབས་པ་དང་། དེ་ནས་མི་ཡུལ་དུ་ཇི་ལྟར་མཆེད་པའི་སྐོར།

(༢) དྲི་མེད་འཁོན་གྱི་གདུང་རབས་བསྟན་པ་ན། ཐོག་མར་འཁོན་ཞེས་པའི་མཚན་ཇི་ལྟར་ཐོགས་ཚུལ་ནས་འཁོན་གྱི་གདུང་རབས་མཆེད་སྟངས་སྐོར་གསལ་བ་ལས། འདིར་འཁོན་གྱི་གདུང་མཆེད་པའི་གནས་ཀྱི་མིང་ཅུང་བཀོད་ན། ལ་སྟོད་གཉན་རྩེ་ཐར་དང་དེའི་མ་འཁྲིས་སྡེ་གསུམ། དེ་ནས་མར་ཡུལ། ^[18]^ གླུ་ཐང་། གད། ^[19]^ གཉལ་ལུག་རོ། ^[20]^ ཉང་ཤབ། ^[21]^ ཤབ་སྟོད། ཁབ་སོ་སྟག་ཐོག ^[22]^ ་གྲོམ་པ་གཡའ་ལུང་། ^[23]^ གདལ་བྱང་ཚང་། གཡའ་ལུང་ན་འཁོན་ཚོ་བརྒྱད། ཚ་མོ་རོང་། ^[24]^ གཡའ་ལུང་ཆུ་སྐྱ་དང་བཞི་ཐོག་རྒྱབ་ཀྱི་བྲག་ཁུང་། ^[25]^ བཅས་འཁོན་གྱི་གདུང་བརྒྱུད་མཆེད་པའི་ས་གནས་མང་པོ་ཞིག་འདིར་བཀོད་ཡོད། ད་དུང་འདི་དག་ད་ཡོད་ཀྱི་ས་གནས་གང་དང་གང་ཡིན་མིན་སོགས་ཀྱི་སྐོར་ལ་ལོ་རྒྱུས་སྨྲ་བ་དག་གིས་འཚོལ་ཞིབ་ཀྱི་དཔྱད་བྱར་ལུས་ཡོད། གཞན་ཡང་འདིར་འཁོན་གྱི་གདུང་བརྒྱུད་ཀྱི་ཆོས་ཀྱི་ཉམས་བཞེས་གཙོ་བོ་གང་མཛད་མིན་ཡང་གསལ་བ་ནི། ཕར་ཕྱིན་དང་། གསང་བ་སྡེ་དྲུག་པོ། ཆ་ལག་བདུན། ཕྲ་མོ་ཉི་ཤུ་རྩ་གཅིག ཡང་དག རྡོ་རྗེ་ཕུར་པ་ཡི་དམ་དུ་བཟུང་བ་སོགས་ཀྱང་ཞིབ་འགོད་མཛད་ཡོད། ད་དུང་འཁོན་གདུང་གོང་མ་རྣམས་ཀྱི་ཕྱི་རྟེན་དང་། གདུང་རྟེན་སོགས་གང་དུ་བཞུགས་སྐོར་གསལ་བ་སོགས་བྱུང་རབས་ལོ་རྒྱུས་སྨྲ་བ་དག་ལ་ངེས་པར་དུ་མཁོ་བའི་གནད་དོན་གདུང་རབས་དང་ཆོས་འབྱུང་གཞན་ལ་མཐོང་དཀོན་པ་དུ་མ་གསལ་པོར་འགོད་གནང་མཛད་ཡོད།

(༣) ས་བཅད་གསུམ་པར་ས་སྐྱ་སྤྱི་ལ་དབང་བའི་གདུང་རབས་བསྟན་པའི་སྐབས་དེར། དཔལ་ས་སྐྱ་པའི་སྤྱི་མེས་འཁོན་དཀོན་མཆོག་རྒྱལ་པོ་དང་། བསྟན་པའི་སྲོལ་འབྱེད་ཆེན་པོ་རྗེ་བཙུན་གོང་མ་ལྔ་ནས་འགྲོ་མགོན་ཕྱག་ནའི་སྲས་བརྒྱུད་གདུང་རབས་བར་གྱི་བྱུང་བ་དང་དེ་དག་གི་རྣམ་ཐར། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་ཕྱག་བཏབ་པ་ནས་རྒྱ་བསྐྱེད་ཇི་ལྟར་མཛད་པའི་ཚུལ་སོགས་ས་སྐྱའི་གདུང་བརྒྱུད་ཀྱི་བསྟན་སྲིད་མངའ་ཐང་དང་དར་རྒྱས་བཅས་ཞིབ་པར་བསྟན།

(༤) ས་བཅད་བཞི་པར་ས་སྐྱའི་བླ་བྲང་སོ་སོར་དབང་མཛད་པའི་གདུང་རབས་བཞི་བསྟན་པ་ནི། བདག་ཉིད་ཆེན་པོ་བཟང་པོ་དཔལ་གྱི་སྲས་བླ་ཆེན་ཀུན་དགའ་བློ་གྲོས་དཔལ་བཟང་པོ་དང་། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཐེག་ཆེན་ཆོས་རྗེ་སོགས་ཇི་ལྟར་བྱོན་པ་དང་། བླ་ཆེན་ཀུན་དགའ་བློ་གྲོས་ཀྱིས་རང་གི་གཅུང་གདུང་བརྒྱུད་རྣམས་ལ་བླ་བྲང་བགོས་པ་ནས་རིམ་བཞིན་བཞི་ཐོག་བླ་བྲང་དང་། ལྷ་ཁང་བླ་བྲང། དུས་མཆོད་བླ་བྲང་། རིན་ཆེན་སྒང་རྣམས་སུ་གྱེས་ཚུལ་དང་གདུང་བརྒྱུད་ཀྱི་འཕེལ་རིམ་དང་མཛད་པ་རྣམ་ཐར་སོགས་བསྟན།

(༥) ས་བཅད་ལྔ་པ་ལ་ས་སྐྱའི་གདན་རབས་བསྟན་ཚུལ་ནི། དཔལ་ལྡན་ས་སྐྱའི་གདན་རབས་ཐོག་མ་འཁོན་དཀོན་མཆོག་རྒྱལ་པོས་གདན་ས་ལོ་སུམ་ཅུ་ཐམ་པ་དང་། བ་རི་ལོ་ཙཱ་བས་ལོ་བརྒྱད། ས་ཆེན་ཀུན་དགའ་སྙིང་པོས་བཞི་བཅུ་ཞེ་བརྒྱད་གདན་ས་བསྐྱངས་པའི་སྐོར་སོགས་གདན་རབས་སོ་སོའི་མཚན་དང་གདན་ས་བསྐྱངས་པའི་དུས་ཡུན་སོགས་གསལ་པོར་བསྟན།

(༦) ས་བཅད་དྲུག་པར་ཧོར་གྱི་རྒྱལ་རབས་བསྟན་པའི་སྐབས་སུ། ཐོག་མར་ཇིང་རྒྱལ་པོའི་མཚན་ཐོགས་ཚུལ་ནས་བཟུང་སྟེ། ཧོར་གྱི་རྒྱལ་རབས་ཇི་ལྟར་ཚུགས་ཚུལ་དང་། དེའི་མངའ་ཐང་། ཆོས་རྗེ་ཁུ་དབོན་དང་གོ་དན་ཡབ་སྲས་ཀྱི་འབྲེལ་བ། དམིགས་བསལ་ཞིག་ལ་ཧོར་གྱིས་དབང་བསྒྱུར་བྱ་ཡུལ་གྱི་རྒྱལ་ཁབ་དུ་མ་ཞིག་གི་མིང་བོད་སྐད་དུ་དེ་སྔོན་མཐོང་དཀོན་པ་མང་དག་ཅིག་སྣང་བ་དཔེར་མཚོན་དུ་དྲངས་ན། རུག་མ། རི་མ། ཟངས་གླིང་། ལི། ཁུག་སེན། རྒྱ་ཁྱི་མགོ་ཅན། རྒྱ་མིག་གཅིག་པ། ཐོད་དཀར། གཞོན་ནུ་མའི་གླིང་། གངས་ལྡན་སོགས་རྒྱལ་ཁམས་རྒྱལ་ཕྲན་བཞི་བཅུ་ཙམ་ལ་དབང་བསྒྱུར་བྱས་པའི་སྐོར་སོགས་གདུང་རབས་ཙམ་མིན་པའི་ལོ་རྒྱུས་ཀྱི་ཡིག་ཆ་གཞན་ན་མཐོང་དཀོན་པའི་ལོ་རྒྱུས་ཞིབ་འཇུག་པར་མཁོ་བའི་རྒྱུ་ཆ་མང་དུ་སྣང་ངོ་།

(༧) ས་བཅད་བདུན་པ་ལ། ཏི་ཤྲིའི་གདན་རབས་བསྟན་ཅིང་དེའི་ནང་དུ། ཏྲི་ཤྲིའི་གདན་ས་ཕོ་བྲང་ཏའི་ཏུའི་ནང་གི་མེ་ཏོག་རྭ་བའི་གཙུག་ལག་ཁང་ཡིན་པ་དང་། ཏྲི་ཤྲི་ཐོག་མ་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་། དེ་རྗེས་བདག་ཉིད་ཆེན་པོ་དྷ་མ་པཱ་ལ་ཡིས་ཏྲི་ཤྲི་གདན་ས་ལོ་ལྔ་མཛད་པ་སོགས་ཏྲི་ཤྲི་རིམ་བྱོན་གྱིས་གདན་ས་ལོ་ཇི་ཙམ་མཛད་པ་དང་། རྒྱལ་པོ་གང་དང་གང་གི་སྐབས་ལ་བྱོན་ཚུལ། དེའི་སྐོར་ལ་དོགས་གཅོད་མཛད་པ་སོགས་ཞིབ་པར་གསལ།

(༨) ས་བཅད་བརྒྱད་པ་ལ། དཔོན་ཆེན་གྱི་གདན་རབས་བསྟན་པ་ན། དཔལ་ལྡན་ས་སྐྱ་པ་ཡིས་བོད་ལ་དབང་བསྒྱུར་བའི་དུས་ཀྱི་དཔོན་ཆེན་གྱི་རིམ་པ་དང་། དཔོན་ཆེན་ལ་སྔ་བ་མགུར་གླུ་རྒྱལ་གླིང་པ་ཤཱཀྱ་བཟང་པོ་ཡིན་པ་ནས། དཔོན་ཆེན་དེ་དག་གིས་མཛད་རྗེས་གཙོ་བོ་སོགས་གསལ་པོར་བསྟན་ཅིང་། ད་དུང་དམིགས་བསལ་ཡིག་ཆ་གཞན་ན་མཐོང་དཀོན་པའི་དཔོན་ཆེན་གྱི་མཚན་ཡུལ་ལུང་དང་སྦྱར་ནས་བཀོད་པ་དཔེར་ན། མགུར་གླུ་རྒྱལ་གླིང་པ་ཤཱཀྱ་བཟང་པོ། འཕན་ཡུལ་བ་དཔོན་ཆེན་གཞོན་དབང་། ཤབ་བང་མོ་ཞུས་བྱང་རྡོར་ལ་སོགས་པ་ལོ་རྒྱུས་ཀྱི་ཡིག་ཆ་གཞན་ན་དཀོན་པའི་གནད་དོན་མང་དུ་གསལ།

(༩) ཁྲི་སྐོར་བཅུ་གསུམ་དང་ཆོལ་ཁ་གསུམ་གྱི་རྣམ་གྲངས་བསྟན་པའི་སྐབས་འདིར། ཞིང་གི་མི་ཆེན་དང་དཔོན་ཆེན་གྱི་ཁྱད་པར་བརྩི་ཚུལ་ནས། ཁྲི་སྐོར་བཅུ་གསུམ་བརྩི་ཚུལ་དང་། བོད་ཆོལ་ཁ་གསུམ་གྱི་བརྩི་ཚུལ་མི་འདྲ་བ་འདིར་དཔེ་མཚོན་དུ་དྲངས་ན། བོད་ཆོལ་ཁ་གསུམ་ནི། སྟོད་མངའ་རིས་བསྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་གསུམ་མོ། །དང་པོ་ནི། མར་ཡུལ་མཚོས་བསྐོར། གུ་གེ་གཡས་བསྐོར། སྤུ་ཧྲངས་གངས་ཀྱིས་བསྐོར་བས་བསྐོར་གསུམ་དང་། རུ་བཞི་ནི། གཙང་ལ་གཡས་རུ་གཡོ་རུ་གཉིས། དབུས་ལ་དབུ་རུ་གཡུ་རུ་གཉིས་ཏེ་བཞིའོ། །སྒང་གསུམ་ནི། མདོ་ཁམས་ལ་སྒང་མང་ཡང་། ཚ་བ་སྒང་། སྤོམ་འབོར་སྒང་། དམར་ཁམས་སྒང་སྟེ་གསུམ་མོ། །ཡང་ན། དབུས་གཙང་ཆོས་ཀྱི་ཆོལ་ཁ། མདོ་སྟོད་མིའི་ཆོལ་ཁ། མདོ་སྨད་རྟའི་ཆོལ་ཁ་ཞེས་ཟེར་ཏེ། སེ་ཆེན་གྱིས། སྟོད་མངའ་རིས་བསྐོར་གསུམ་ལ། སྔོན་བོད་ཀྱི་རྒྱལ་པོའི་གདུང་བརྒྱུད་ཀྱིས་དབང་མཛད་པས་ཡ་རབས་ཀྱི་ཚུལ་ལུགས་བཞིན་བཞག་ནས། ལུང་ཡང་མ་བཏང་བ་ཡིན་ནོ༎ ཞེས་གསུངས་པ་སོགས་ལོ་རྒྱུས་དོན་གཉེར་ཅན་རྣམས་ལ་ངེས་པར་མཁོ་བའི་གནད་དོན་དུ་མ་བསྟན་པར་མཛད།

(༡༠) ས་བཅད་བཅུ་པ་ལ། སློབ་དཔོན་ཆེན་པོ་རྣམས་ཀྱི་རབས་བསྟན་པ་ཡིན་ལ། འདི་ནི་གདུང་རབས་འདིའི་དམིགས་བསལ་སྡེ་ཚན་ཞིག་སྟེ། གདུང་བརྒྱུད་དང་འབྲེལ་བའི་སློབ་བརྒྱུད་གྲགས་ཅན་རྣམས་ཇི་ལྟར་བྱོན་པའི་སྐོར་གསལ་པོར་བསྟན་ཡོད། འདིའི་ནང་དུ། ས་སྐྱ་པའི་སློབ་བརྒྱུད་གྲགས་ཅན་གྱི་རིགས་ཤར་པ་དང་། ཁང་གསར་བ། ཉི་ཐོག་པ། གུང་པ། གསལ་བ། ཉི་ལྡེ་བ། ཡང་དགོན་པ། བྲང་མོ་ཆེ་སོགས་ནས་མཁས་གྲུབ་ཇི་ལྟར་བྱོན་པའི་ཚུལ་མང་དུ་ཡོད་པ་ལས། བླ་བྲང་ཤར་ལྟ་བུར་མཚོན་ན་མི་བརྒྱུད་ཐོག་མ་གང་ནས་མཆེད་པ་དང་། གདུང་བརྒྱུད་གང་ཞིག་བླ་མར་བསྟེན་པ། དེའི་བརྒྱུད་པའི་རབས་དང་བཅས་པ་གསལ་པོར་བཀོད་པ་སོགས་བསྟན།

(༡༡) ས་བཅད་བཅུ་གཅིག་པ། བླ་བྲང་རྣམས་ཀྱི་རྣམ་གྲངས་བསྟན་པ་ན། སྤྱིར་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་བླ་བྲང་ཇི་ཙམ་ཡོད་པའི་གྲངས་འདྲེན་མཛད་པ་ནི་གདུང་བརྒྱུད་བཞུགས་པའི་བླ་བྲང་བཅོ་བརྒྱད། བརྒྱ་ཚོ་དཔོན་གྱི་བླ་བྲང་བཅུ་གསུམ། བརྒྱ་འདྲའི་བླ་བྲང་བཅུ་གསུམ་སྟེ་བླ་བྲང་བཞི་བཅུ་རྩ་བརྒྱད། ཞེས་བསྟན་ཅིང་། བླ་བྲང་དེ་རྣམས་ཇི་ལྟར་བཞེངས་པ་དང་། བླ་བྲང་ཕལ་ཆེ་བའི་བཀོད་པ་དང་ས་གནས་གང་དུ་ཡོད་པ། རྒྱ་ཁྱོན་ཚུན་ཆད་ཞིབ་ཆ་བསྟན་པར་མཛད་ཡོད་ལ། སྐབས་འདིའི་བླ་བྲང་ཆེ་བ་བཞི་ཞེས་དབྱེ་བ་ཡང་། བླ་བྲང་ཆེ་བ་བཞི་ནི། སྒོ་རུམ་བླ་བྲང་། བཞི་ཐོག་བླ་བྲང་། རིན་ཆེན་སྒང་བླ་བྲང་། ལྷ་ཁང་ཆེན་མོའོ༎ ཞེས་ཡོངས་གྲགས་དང་མི་མཐུན་པར་དབྱེ་བ། ད་དུང་བླ་བྲང་ཙམ་མིན་པར་བླ་བྲང་རེ་རེའི་དཔེ་ཁང་། དགེ་བཤེས་སོ་སོའི་བྲན་(བྲང་) ཁང་། རྗེ་ཁང་དང་། གན་མཛོད། ཕྱག་མཛོད། ཐབ་ཚང་། ཤིང་ཚང་། རྟ་ར། བོང་ར། གླང་ར། ཚུན་ཆད་ཀྱི་ཁང་པ་ཇི་ཡོད་ཞིབ་པར་ངོ་སྤྲོད་གནང་ཡོད། ད་དུང་གཉེར་པ་སོ་སོའི་གཏོད་ཡིག་དང་། ནང་སོ་ཆེན་པོའི་དེབ་ཐེར་རྫོང་དམར་མ་སོགས་ཐོ་བཀོད་དེབ་ཐེར་མི་འདྲ་བ་ཡོད་པའི་སྐོར་སོགས་ཁྱོན་ཡོངས་ནས་ཞིབ་རྒྱས་སུ་འགོད་པར་མཛད་ཡོད།

(༡༢) ས་བཅད་བཅུ་གཉིས་པ། རྟེན་གསུམ་དཀར་ཆག་བསྟན་པ་ནི། འདིར་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱའི་ནང་རྟེན་སྐུ་གསུང་ཐུགས་རྟེན། ལོགས་བྲིས་དང་། མཆོད་ཆས། རྟེན་རྫས་དང་བཅས་པ་ལྷ་ཁང་དང་བླ་བྲང་སོ་སོར་ཇི་ཡོད་ཞིབ་གསལ་དུ་འགོད་པར་མཛད་འདུག་ཅིང་། དེ་དག་གི་ནང་ནས་ཕྱག་དཔེ་ཁོ་ན་ལ་ཡང་གསེར་དངུལ་སོགས་རིན་པོ་ཆེ་ལས་བཞེངས་པའི་བཀའ་འགྱུར་དང་། རྒྱ་དཀར་གྱི་ཤོག་དྲིལ་བཀའ་འགྱུར། ཡུ་གུར་གྱི་ཡི་གེའི་བཀའ་འགྱུར། བཀའ་འགྱུར་སྤར་མ་དམར་པོ་སོགས་བཀའ་འགྱུར་རིགས་མི་འདྲ་བ་རྣམས་ཀྱིས་ཐོག་དྲངས་བཀའ་བསྟན་གྱི་གསུང་རབ་པོ་ཏི་སྐྱ་པོད་དང་། སེར་པོད། སྔོ་པོད་དང་། པོ་ཏི་དཀར་པོ་སོགས། མཚན་ཐོ་བགྲངས་ནའང་གྲངས་དཀའ་བ་ངོ་སྤྲོད་གནང་ཡོད། ནང་རྟེན་སྐོར་ལ་དག་སེལ་མཛད་པ་ནི་དཔེར་ན། དབུ་རྩེ་ནུབ་སྒོ་གསུམ་ཞལ་ཤར་བསྟན་དབུས་ན། ཐུབ་པ་བྱང་ཆུབ་ཆེན་པོའི་དབྱིབས་ཅན་འཕུལ་མ། འདི་ལ་ཁ་ཅིག་གིས་སྔ་ཐོག་ཆོས་རྗེའི་སྐུ་རིམ་དུ་བཞེངས་པར་འདོད་པ་ལ། གསོལ་བ་མ་ཐེབས་པར། དཔོན་ཆེན་ཤཱཀྱ་བཟང་པོ་ལ་ཞལ་ཏ་མཛད་ནས་ཕྱིས་ནང་རྟེན་དུ་བཞེངས་སོ་ཞེས་ཟེར་བ་མ་དག་སྟེ། གཙུག་ལག་ཁང་འདི་ཉིད་ཀྱི་ཡི་གེ་ཡོད་པ་ལས། བྱང་ཆུབ་ཆེན་པོ་ཁྲི་རྒྱབ་དང་བཅས་པ། ཆོས་རྗེ་བྱང་ངོས་སུ་བྱོན་པའི་དུས་སུ་སྐུའི་རིམ་གྲོ་ལ་ཤཱཀྱ་བཟང་པོས་བཞེངས་ཞེས་བྲིས་ཡོད་པའི་ཕྱིར་རོ། །ཞེས་སོགས་ཞིབ་པར་གསལ་ལོ༎

(༡༣) ས་བཅད་བཅུ་གསུམ་པ། སྐུ་འབུམ་རྣམས་ཀྱི་དཀར་ཆག་བསྟན་པ་ཡང་། སངས་རྒྱས་འོད་སྲུངས་ཀྱི་སྣམ་སྦྱར་བཞུགས་སུ་གསོལ་བའི་སྐུ་འབུམ་རྣམ་རྒྱལ་དུ་གྲགས་པ་ནས། ས་སྐྱ་ཐོག་མར་དབུ་བརྙེས་མཁན་འཁོན་དཀོན་མཆོག་རྒྱལ་པོའི་སྐུ་འབུམ། ཤིང་རྟའི་སྲོལ་བྱེད་ཆེན་པོ་རྗེ་བཙུན་གོང་མ་རྣམ་ལྔ་སོགས་གདུང་བརྒྱུད་རིམ་བྱོན་གྱི་སྐུ་འབུམ་དང་། དཔོན་ཆེན་ཤཱཀྱ་བཟང་པོ་གཙོས་པའི་ས་སྐྱའི་དཔོན་ཆེན་རིམ་པའི་སྐུ་འབུམ། དཀར་ཤཱཀྱ་གྲགས་ལ་སོགས་པའི་ས་སྐྱའི་སློབ་བརྒྱུད་གྲགས་ཅན་གྱི་སྐུ་འབུམ་རྣམས་ཀྱི་བཀོད་པ་དང་། གོ་རིམ་རྒྱུ་གྲོན་ཇི་སོང་བཅས་པ་གསལ་བ་སོགས་གདུང་རབས་རིན་པོ་ཆེ་འདིའི་བརྗོད་བྱ་ཐམས་ཅད་མདོར་བསྡུས་ན་སྡེ་ཚན་བཅུ་གསུམ་དུ་ཕྱེ་སྟེ་བསྟན་ཡོད།

གསུམ་པ། གདུང་རབས་འདིའི་དམིགས་བསལ་ཁྱད་ཆོས།

༡) ཀླད་དོན་གྱི་དམིགས་བསལ་ཁྱད་ཆོས། གདུང་རབས་འདིའི་ཀླད་ཀྱི་དོན་མཆོད་བརྗོད་དང་། བརྩམ་པར་དམ་བཅའ་བ་གཉིས་ཀ་དཔལ་ལྡན་ས་སྐྱའི་གདུང་རབས་ཀྱི་ཆེ་བ་བསྟན་པའི་སྒོ་ནས་གདུང་རབས་འདིའི་དམིགས་བསལ་ཁྱད་ཆོས་མངོན་པར་མཛད་པ་ནི། དེ་ཡང་མཆོད་བརྗོད་ལས། གང་གི་འཕྲིན་ལས་ཉིན་མོར་བྱེད་པ་ཡི། །འགྲོ་ཀུན་ཕན་བདེའི་ལོ་ཐོག་རྒྱས་མཛད་ཅིང་། །བླ་མེད་བྱང་ཆུབ་ལམ་མཆོག་སྟོན་མཛད་པའི། །ས་སྐྱའི་བླ་ཆེན་རྣམས་ལ་ཕྱག་འཚལ་ལོ། །ཞེས་དཔལ་ས་སྐྱའི་མཚན་མཆོག་གསུམ་ལྡན་གྱི་གདུང་བརྒྱུད་ཁོ་ན་ལ་བསྟོད་ཕྱག་མཛད་པ་འདིས་དཔལ་ལྡན་ས་སྐྱའི་གདུང་བརྒྱུད་ལ་དམིགས་བསལ་བརྩི་བཀུར་དང་ཆེ་མཐོང་མཚོན་པར་མཛད། སྐབས་འདིར་ས་སྐྱའི་བླ་ཆེན་རྣམས་ཞེས་པ་ལས་གསུངས་པས་གདུང་བརྒྱུད་ཁོ་ན་ལ་ཇི་ལྟར་གོ་དགོས་སྙམ་ན། དུས་ཕྱིས་སུ་ས་སྐྱའི་བླ་ཆེན་ལ་གདུང་བརྒྱུད་མིན་པ་ཡོད་མོད། རྗེ་འདི་ཞལ་བཞུགས་པའི་དུས་རབས་དེར། དཔལ་ས་སྐྱའི་སློབ་བརྒྱུད་རྗེ་ཚར་ཆེན་ནི་སྐབས་དེར་མ་བྱོན་ཅིང་། ངོར་རྫོང་རྣམ་གཉིས་བྱོན་དུ་ཟིན་ཀྱང་ངོར་གྱི་གདན་ས་ཨེ་ཝཾ་ཆོས་ལྡན་བཏབ་ནས་རིང་པོར་མ་སོང་བ་ནི། ཡིག་ཆ་དག་ན་ ངོར་དགོན་གསར། ^[26]^ ཞེས་བཀོད་པ་ལ་བརྟག་ནའང་ཤེས་ཐུབ། རྫོང་པའི་གདན་ས་སྒྱི་ཆུ་དང་། ལུ་ཕུ་ཡང་བཏབ་ནས་རིང་པོར་མ་སོང་ཞིང་། གོང་དཀར་རྡོ་རྗེ་གདན་ཡང་མ་བྱོན་ནོ། ། རྒྱུ་མཚན་གཞན་ཡང་། རྗེ་འདིས་གདུང་བརྒྱུད་མ་ཡིན་པའི་ས་སྐྱ་པའི་མཁས་གྲུབ་གཞན་རྗེ་ངོར་ཆེན་སོགས་ལ་ལུང་རིགས་ཀྱིས་དགག་སྒྲུབ་མཐིལ་ཕྱིན་པར་མཛད་པ་ལས། གདུང་བརྒྱུད་མིན་པའི་ས་སྐྱའི་བླ་མ་གཞན་ལ་ཕྱག་འབུལ་བ་ཅུང་དཀའ་བར་སྣང་བས་སྐབས་འདིའི་དད་ཕྱག་འབུལ་ཡུལ་ནི་ས་སྐྱའི་གདུང་བརྒྱུད་ལས་མ་འདས་པས་ཐེ་ཚོམ་གྱི་གཞི་མེད་པར་སེམས་སོ། ། དེ་བཞིན་ས་སྐྱའི་གདུང་བརྒྱུད་ལ་ལའི་མཚན་ལའང་དམིགས་བསལ་བླ་ཆེན་ཞེས་ ^[27]^ ཐོགས་པ་གདུང་རབས་འདིར་གསལ་བ་སོགས་ཀྱང་རྒྱུ་མཚན་དུ་རུང་ངོ་། །དེས་ན་གདུང་རབས་འདིར་མཆོད་བརྗོད་ཤོ་ལོ་ཀ་གཅིག་ལས་མ་མཛད་པ་དང་། དེ་ཡང་ས་སྐྱའི་གདུང་བརྒྱུད་ཁོ་ན་ལ་མཆོད་བརྗོད་དུ་མཛད་པ་ནི་གདུང་རབས་འདིའི་ཁྱད་ཆོས་དམིགས་བསལ་བ་ཞིག་ཡིན་ལ། དེ་བཞིན་གདུང་རབས་འདིའི་བརྩམ་པར་དམ་བཅའ་བ་ཡང་། དཔལ་ས་སྐྱའི་གདུང་རབས་ལ་དད་གུས་དང་དམིགས་བསལ་གྱི་ཆེ་བ་མངོན་པར་མཛད་པ་ནི་འདི་ལྟར། འདིར་སྲིད་པ་གསུམ་གྱི་བླ་མ་བདེ་བར་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས། འཇིག་རྟེན་ན་རིགས་ཐམས་ཅད་ནང་ནས་བླ་མར་གྱུར་པ་ཤཱཀྱ་རྣམས་ཀྱི་གདུང་རབས་འདི་བཟུང་ཞིང་ཀུན་ཆུབ་པར་བྱས་ནས། གཞན་ལ་རྒྱ་ཆེར་བསྙད་ན་ཆོས་དང་མཐུན་ཞིང་བསོད་ནམས་ཀྱི་ཕུང་པོ་འཕེལ་བར་བྱེད་དོ། །ཞེས་གསུངས་ལ། དེ་དང་རྗེས་སུ་མཐུན་པར་གངས་ཅན་གྱི་ཆོས་སྨྲ་བ་རྣམས་ཀྱི་ནང་ནས། བླ་མར་གྱུར་པ། ས་སྐྱ་འཁོན་གྱི་གདུང་རབས་འདི་བཟུང་ཞིང་ཀུན་ཆུབ་པར་བྱས་ནས། གཞན་དག་ལ་རྒྱ་ཆེར་བསྙད་ན་ཆོས་དང་མཐུན་ཞིང་བསོད་ནམས་ཀྱི་ཕུང་པོ་འཕེལ་བར་བྱེད་དེ། ཆོས་སྨྲ་བ་བླ་མར་གྱུར་པ་རྣམས་ལ་གུས་པ་ཁྱད་པར་ཅན་སྐྱེ་བའི་རྒྱུར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཚུལ་འདི་ཇི་ལྟར་ནུས་པ་བརྗོད་པར་བྱའོ། །ཞེས་པ་ཤཱཀྱའི་གདུང་རབས་དང་ས་སྐྱའི་གདུང་རབས་གཉིས་ཀུན་ཆུབ་པ་དང་བསྙད་པ་ཚུལ་མཚུངས་པས་ས་སྐྱའི་གདུང་རབས་བརྗོད་པར་བྱའོ། །ཞེས་དམ་བཅའ་མཛད་ལུགས་འདིས་ཀྱང་རྗེ་མུས་སྲད་པ་ཆེན་པོས་ས་སྐྱའི་གདུང་བརྒྱུད་ལ་ཆེ་བསྟོད་མཛད་པ་མཚོན་ཐུབ་བོ། ། ༢) དཔྱད་བསྡུར་དབྱེ་ཞིབ་འབུར་དུ་དོད་པའི་ཁྱད་ཆོས། དེང་སྐབས་ལོ་རྒྱུས་ཞིབ་འཇུག་པ་དག་གིས། ལོ་རྒྱུས་ཞིབ་འཇུག་བྱ་སྐབས་དཔྱད་བསྡུར་གྱིས་ལམ་ནས་རྟོག་དཔྱོད་བྱ་བ་ནི་ཞིབ་འཇུག་གི་རིགས་ལམ་གསར་པར་སྒྲོག་བཞིན་ཡོད་ནའང་། རིགས་ལམ་དེ་ནི་བོད་ཀྱི་མཁས་གྲུབ་གོང་མ་རྣམས་ལ་མཚོན་ན་ཆེས་སྔ་མོ་ཞིག་ནས་ཕྱག་བཞེས་གནང་མུས་ཡིན་པ་ལྟར་རྗེ་བཙུན་མུས་སྲད་པ་འདིས་མཛད་པའི་གདུང་རབས་འདིར་མཚོན་ནའང་གནད་དོན་མང་པོར་དཔྱད་བསྡུར་མཛད་ཡོད་པ་དེའི་དཔེ་མཚོན་འགའ་དྲངས་ན། སློབ་དཔོན་བསོད་ནམས་རྩེ་མོས་གདན་ས་མཛད་མིན་སྐོར་ ^[28]^ གདུང་རབས་ལས། རྗེ་བཙུན་བསོད་ནམས་རྩེ་མོས་ས་མོ་ཡོས་ནས་བརྩམས་ཏེ། ཤིང་མོ་ཕག་གི་བར་ལོ་ལྔ་བཅུ་རྩ་བདུན་གདན་ས་མཛད་ཅེས་དང་། འདི་ལ་ཤར་གླིང་པའི་ཡི་གེ་ལས། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོས་གདན་ས་ལོ་བཅུ་གསུམ་མཛད་དེ། ཞེས་འབྱུང་ཡང་། ཆོས་རྗེ་བླ་མས་སློབ་དཔོན་རིན་པོ་ཆེའི་རྣམ་ཐར་གྱི་སྐབས་སུ་རྗེ་པ་བཅུ་གསུམ་པ་ལ། ངས་དབུས་སུ་ཕྱིན་ལ་ཕར་ཕྱིན་ལ་སོགས་ཉན་ལ་ཡོང་། ཁྱོད་ས་སྐྱར་སྡོད་ལ་བཤད་པ་གྱིས་ཤིག་གསུངས་ཏེ། གདན་ས་གཏད་ནས་ཞེས་དང་། རྗེའི་རྣམ་ཐར་གྱི་སྐབས་སུ། བཅུ་གསུམ་པ་ལ་གཅེན་དབུས་སུ་གཤེགས་པའི་ཚེ། གདན་ས་གཏད་ནས་བཟུང་སྟེ། བདུན་བཅུའི་བར་སྔགས་ཀྱི་བཤད་པ་མཛད་དེ། ཞེས་གསུངས་པས། སློབ་དཔོན་རིན་པོ་ཆེས་གདན་སའི་ཁུར་མ་བཞེས་པར་བཞེད་པ་ལྟར་བཀོད་པ་ཡིན་ནོ། །ཞེས་གསུངས་པ་འདི་དང་། གཞན་ཡང་འཇམ་མགོན་ས་པཎ་གྱི་གདན་ས་ལོ་སུམ་ཅུ་རྩ་ལྔའི་བར་དུ་མཛད་མིན་སྐོར་ ^[29]^ དང་། འགྲོ་མགོན་ཆོས་འཕགས་གོང་ལ་རྗེས་ལ་ཕེབས་དུས། གཅུང་དབོན་པོ་རིན་ཆེན་རྒྱལ་མཚན་པ་གདན་སར་བསྐོས་མིན་སྐོར་སོགས་ལ་དཔྱད་བསྡུར་ཞིབ་མོ་མཛད་པར་གནང་སྟེ་དེང་ལོ་རྒྱུས་ཞིབ་འཇུག་པར་མཁོ་བའི་དཔྱད་གཞི་དམིགས་བསལ་ཞིག་ཀྱང་ཡིན།་ ༣) ལོ་ཁམས་ཞིབ་བསྡུར་གྱིས་ལོ་རྒྱུས་གསལ་ཁ་དོད་པའི་ཁྱད་ཆོས། ལོ་རྒྱུས་ཀྱི་སྲོག་ལྟ་བུ་ནི་ལོ་ཁམས་ཁ་གསལ་འགོད་དགོས་པ་དེ་ཡིན་མོད། བོད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་སོགས་མང་པོ་ཞིག་ན་ལྷ་སྒྲུང་ལྟར་གཏམ་བརྒྱུད་ཙམ་ལས། ལོ་ཁམས་འགོད་པའི་སྲོལ་ཉུང་ནའང་གདུང་རབས་འདིར་ལོ་ཁམས་ཞིབ་ཚགས་སུ་འགོད་པར་མཛད་དེ་དཔྱད་བསྡུར་གྱི་རྣམ་པ་འབུར་དུ་དོད་པ་དཔེར་མཚོན་དུ་དྲངས་ན། དཔལ་ལྡན་ས་སྐྱའི་གདན་རབས་བསྟན་པ་ན། ཆུ་མོ་གླང་གི་ལོ་ནས་བརྩམས་ཏེ། ཆུ་ཕོ་རྟའི་བར་ལོ་སུམ་ཅུ་ཐམ་པ་འཁོན་དཀོན་མཆོག་རྒྱལ་པོས་གདན་ས་མཛད། ཆུ་མོ་ལུག་གི་ལོ་ནས་བརྩམས་ཏེ་ལྕགས་ཕོ་སྟག་གི་བར། ལོ་བརྒྱད་བ་རི་ལོ་ཙཱ་བས་གདན་ས་མཛད། ཅེས་པ་ལ་སོགས་གདན་ས་ནམ་མཛད་པ་དང་མཐའ་མཇུག་སྔ་ཕྱི་གཉིས་ཀྱི་ལོ་ཁམས་ཁ་གསལ་བཀོད་ཐོག་ད་དུང་གསལ་ཁ་དོད་པའི་ཆེད་དུ་དུས་ཡུན་ཇི་ཙམ་མཛད་པའི་ལོ་གྲངས་ཀྱང་ཁ་གསལ་པོར་འགོད་པར་མཛད་པ་དང་། ད་དུང་གནད་དོན་དེ་དག་ཁོང་དུ་ཆུད་སླ་བའི་ཆེད་དུ་བརྗོད་བྱའི་སྡེ་ཚན་རྫོགས་པར་མཐའ་སྡོམ་ཀྱང་མཛད་པ་ནི། ས་སྐྱ་སྤྱི་ལ་དབང་བའི་གདན་རབས་བསྟན་མ་ཐག་པ་དེའི་མཐའ་སྡོམ་དུ། གདུང་རབས་ལས། ས་སྐྱ་སྤྱི་ལ་དབང་མཛད་པའི་གདན་རབས་བཅུ་གཅིག་ཅེས་བྱ་སྟེ། གདུང་བརྒྱུད་བརྒྱད་ ^[30]^ དང་། གདུང་བརྒྱུད་ཀྱིས་མ་ཁེབས་པའི་གདན་ས་བ་གསུམ་ ^[31]^ སྟེ་བཅུ་གཅིག་གོ དེ་དག་བསྡོམས་པ་ལ་ལོ་ཉིས་བརྒྱ་དང་ལྔ་བཅུ་རྩ་གཉིས་ཡོད་དོ། །ཞེས་སོགས་གནད་དོན་རྣམས་ལ་གོ་རིམ་དང་ཞིབ་ཚགས་མངོན་པར་གསལ་བ་སོགས་གོ་བདེར་འགོད་གནང་མཛད་ཡོད། ད་དུང་གདུང་རབས་འདིས་ནོར་འཛོལ་གྱི་གཞིར་འགྱུར་པའི་གནད་དོན་མང་པོར་གསལ་བཤད་དང་དག་སེལ་ཡང་མཛད་དེ། དཔལ་ས་སྐྱའི་ལོ་རྒྱུས་ཀྱི་ཡིག་ཆའི་ནང་དུ་ཡོངས་སུ་གྲགས་པའི་བཞི་ཐོག་བླ་བྲང་སོགས་ཀྱི་ཐོག་མར་བཞེངས་ཚུལ་ནས་མིང་ཇི་ལྟར་ཐོགས་ཚུལ་སོགས་ལ་གསལ་བཤད་དང་དག་སེལ་མཛད་པ་ནི། ཉེ་རབས་བོད་ཀྱི་ལོ་རྒྱུས་སྤྱི་དང་ས་སྐྱའི་གདུང་རབས་སོགས་ཡིག་ཆ་མང་པོར་གཞི་ཐོག་བླ་བྲང་ལ་བཞི་ཐོག་བླ་བྲང་ཞེས་(གཞི་) དང་(བཞི་) སྒྲ་འདྲ་བས་ནོར་འཛོལ་དུ་ཤོར་ཏེ་ཡོངས་གྲགས་ལྟར་བཀོད་པ་ལ། འདིར་བཞི་ཐོག་བླ་བྲང་ཐོག་མར་སུས་བཞེངས་པ་དང་། བར་དུ་རྒྱ་བསྐྱེད་ཇི་ལྟར་མཛད་པ་ནས་བཞི་ཐོག་བླ་བྲང་ཞེས་པའི་མཚན་ཇི་ལྟར་ཐོགས་པ་བཅས་གསལ་པོར་འགོད་པར་མཛད་དེ་བརྡ་ཆད་དེ་ཉིད་ལ་དག་སེལ་ཡང་དག་མཛད་ཡོད་པ་ནི། གདུང་རབས་ལས་འདི་ལྟར། ཐོག་མར་རྗེ་བཙུན་ཆེན་པོས་ས་སྐྱ་སྐར་ཕུབས་ཆེན་མོ་ཀ་བ་ཉིས་བརྒྱར་ཉེ་བའི་ཚོགས་ཁང་། གཟིམས་ཁང་དང་བཅས་པ་བཞེངས། ཞེས་པ་ནས། འདི་མན་ཆད་ལ་ཐོག་བཞི་ཡོད་པས་བཞི་ཐོག་ཏུ་གྲགས ^[32]^ ། ཞེས་གསལ་པོར་གསུངས་ཡོད་ལ། གཞན་ཡང་། སྒོ་རུམ་གཟིམས་སྤྱིལ་དཀར་པོ་དང་། སྒོ་རུམ་དཔེ་ཁང་། སྒོ་རུམ་མགོན་ཁང་། སྒོ་རུམ་བསེ་འབག་ཆེན་མོ། སྒོ་རུམ་བླ་བྲང་། སྒོ་རུམ་པ་ཞེས་དཔལ་ས་སྐྱའི་ལོ་རྒྱུས་ནང་ཆེས་སྙན་གྲགས་ཆེ་བའི་བརྡ་ཆད་སྒོ་རུམ་ཞེས་པ་འདི་ཉིད་ཐོག་མ་ཇི་ལྟར་བྱུང་བ་དང་། མཚན་གང་ལ་ཐོགས་པ། དེའི་དོན་གང་ཡིན་པ། རྒྱ་བསྐྱེད་ཇི་ལྟར་བྱུང་བ་སོགས་ཀྱི་གལ་ཆེའི་གནས་དོན་མང་པོ་ཞིག་གདུང་རབས་དང་ཡིག་ཆ་གཞན་ལ་མཐོང་དཀོན་ཞིང་གསལ་ཁ་མེད་པའི་རིགས་དུ་མ་ཞིག་ཀྱང་གདུང་རབས་འདིས་གསལ་སྟོན་མཛད་ཡོད། ད་དུང་གདུང་རབས་འདིར་བོད་ཀྱི་ལོ་རྒྱུས་སྤྱིའི་ཞིབ་འཇུག་ལ་མཁོ་བའི་གནད་དོན་དུ་མ་ཡོད་པ་མ་ཟད་བོད་ཀྱི་བུད་མེད་མཁས་དབང་གི་ལོ་རྒྱུས་ཞིབ་འཇུག་བྱ་མཁན་རྣམས་ལ་བོད་ཀྱི་བུད་མེད་མཁས་པ་དུ་མ་ཞིག་ཀྱང་འདིར་གསལ་བ་ནི། སློབ་དཔོན་མ་ཀུན་དགའ་འབུམ། སློབ་དཔོན་མ་ལྷ་རིན། སློབ་དཔོན་མ་ནམ་མཁའ་རྒྱལ་མོ། ཞེས་དང་། སློབ་དཔོན་མ་ནམ་མཁའ་འབུམ། སློབ་དཔོན་མ་མཁའ་འགྲོ་འབུམ། སློབ་དཔོན་མ་ནམ་མཁའ་བཟང་མོ། སློབ་དཔོན་མ་མཁའ་འགྲོ་འབུམ། ལ་སོགས་པའི་བོད་སྤྱི་དང་ཆོས་བརྒྱུད་སྤྱིའི་ལོ་རྒྱུས་དང་། བྱེ་བྲག་དཔལ་ས་སྐྱའི་ལོ་རྒྱུས་ཞིབ་འཇུག་ལ་མཁོ་བ་ཡིག་ཆ་གཞན་ན་རྙེད་དཀའ་བ་དུ་མ་གསལ་བས་གདུང་རབས་འདི་ཉིད་ནི་ལོ་རྒྱུས་ཞིབ་འཇུག་པར་མཁོ་བའི་གན་མཛོད་ཆེན་པོ་ཞིག་ཀྱང་ཡིན།

p>. mus srad pa'i gdung rabs skor [2018] ལས་བཏུས། གོང་དཀར་དགའ་བས། [version: 2019-02-01]

མཆན་རྣམས།

[1] སྐབས་འདིའི་མཆོད་ཡུལ་ས་སྐྱའི་བླ་ཆེན་རྣམས་ནི། དཔལ་ས་སྐྱའི་མཚན་མཆོག་གསུམ་གྱི་གདུང་བརྒྱུད་ཁོ་ན་ལ་གོ་དགོས་པ་ཡིན་ཏེ་དེའི་སྐོར་ཞིབ་པར་གཤམ་དུ་གསལ། [2] འདི་ནི་རྗེ་མུས་སྲད་པ་ཆེན་པོའི་གདུང་རབས་ཀྱི་མཆོད་བརྗོད་འདིར་མཆོད་བརྗོད་དུ་དྲངས་པ་ཡིན་ལ། དེ་ནི་རྗེ་མུས་སྲད་པ་ཆེན་པོར་བཀའ་དྲིན་རྗེས་དྲན་དང་། རྗེ་འདིའི་མཁྱེན་རྩལ་གྱི་བྱིན་རླབས་འཇུག་པའི་རྟེན་འབྲེལ་ཆེད་དུ་ཡིན། [3] དཔལ་ལྡན་ས་སྐྱ་པའི་བཀའ་བབས་རྣམ་བཞི་གཙོ་བོར་གྱུར་པའི་མདོ་རྒྱུད་མན་ངག་གི་བདག་པོར་བཞེངས་ཤིང་། དེའི་སྒྲུབ་བྱེད་ནི་རྗེ་འདིའི་གསུང་རྩོམ་ལས་རྟོགས་ནུས་མོད། སྟབས་བདེར་མཁྱེན་འདོད་ན་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེའི་གསན་ཡིག་ནོར་བུའི་ཕྲེང་བ་ལས་རྟོགས་ནུས་ཤིང་། དེའི་སྐོར་ཞིབ་པར་གཤམ་དུ་རྗེ་འདིའི་གསུང་རྩོམ་གཞན་གྱི་ཁྱད་ཆོས་སྐབས་སུ་གསལ། [4] རྗེ་འདིས་མཛད་པའི་ཆུ་རྒྱུན་བཞི་དང་སྒྲུབ་པ་བཞི་ལ་སོགས་པའི་གསུང་རྩོམ་རྣམས་མཇལ་ན་མཁྱེན་ཐུབ། [5] རྗེ་བཙུན་མུས་སྲད་པ་ཞེས་པ་ནི། གཤམ་དུ། རྗེ་བཙུན་མུས་སྲད་པ་ཆེན་པོ་ཇི་ལྟར་བྱོན་པའི་ཚུལ། ཞེས་པར་གསལ། [6] དམ་པ་ཀུན་དགའ་གྲགས་པས་མཛད་པའི་གདུང་རབས་ནི་ད་ལྟ་བར་མ་རྙེད་ལ། རྗེ་འདིའི་འཁྲུངས་འདས་ཀྱང་མ་རྙེད་མོད། རྗེ་འདིའི་མཚན་གཞན་ལ་སྒ་ཨ་གཉན་དམ་པ་ཞེས་གྲགས་ལ། ཆོས་རྗེ་ཁུ་དབོན་གཉིས་ཀྱི་དངོས་སློབ་ཡིན་པ་དང་གོང་མ་ལྔ་ལས་བརྒྱུད་པའི་དབང་ལུང་མན་ངག་གི་བདག་པོ་ཡང་ཡིན་ཞིང་། རྗེ་འདིས་མགོན་པོ་ཕོ་རྐྱང་བཀའ་སྡོད་ལྟར་བསྒྲུབ་པའི་ཡི་གེ་སོགས་བསྒྱུར་མཛད་པ་དང་། རྡོ་རྗེ་གུར་མགོན་གྱི་སྐུ་གསུང་ཐུགས་མི་འགྱུར་བའི་འཁོར་ལོའི་གོ་ཆ་དང་། མགོན་པོ་ཇི་ལྟར་བྱུང་བའི་ལོ་རྒྱུས་མཛད་པ་སོགས་གསུང་རྩོམ་མང་། [7] རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་གདུང་རབས་འདི་ཉིད་ད་ལྟ་མཇལ་དུ་མེད་ཅིང་། འདི་ནི་ས་སྐྱ་པའི་གདུང་རབས་ཐོག་མ་དེ་ཡིན། འོན་ཀྱང་ལ་ལས་རྗེ་བཙུན་བསོད་ནམས་རྩེ་མོའི་གདུང་རབས་ཡོད་པར་སྨྲ་ནའང་ཚད་ལྡན་ཡིག་ཆའི་ཁུངས་དཀའ། [8] གདུང་རབས་འདིའི་མཚན་རྒྱས་པར། ལོ་རྒྱུས་ངོ་མཚར་སྣང་བ་མེ་ཏོག་ཆུན་པོ། ཞེས་བྱ་ཞིང་། འདི་ཉིད་བར་སྐབས་བརླག་མོད་དེང་རྙེད་སོན་བྱུང་ཡོད། [9] གདུང་རབས་འདིའི་མཚན་རྒྱས་པར། དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ་ཞེས་བྱ་བ། ཞེས་བྱ་ཞིང་། ནམ་མཛད་པ་ནི། དེའི་མཇུག་བྱང་དུ། གཙང་སྟག་ཚང་གི་ལོ་ཙཱ་བ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོས་ཐམས་ཅད་འདུལ་ཞེས་བྱ་བ། མེ་མོ་ཕག་གི་ལོའི་ནག་ཉའི་ཚེས་གསུམ་ལ། རྫོང་དཀར་ནོར་བུ་གླིང་གི་ཕོ་བྲང་དུ་སྦྱར་བའོ། ། ཞེས་གསལ་བ་ལྟར་ན། ཕྱི་ལོ་ ༡༤༦༧ ལོར་མཛད་པ་དང་འདི་ཉིད་རྩོམ་ལུས་ཚིག་ལྷུག་ཡིན་ནའང་དེ་ཙམ་རྒྱས་པ་མི་སྣང་ངོ་༎ [10] གདུང་རབས་འདིའི་མཚན་རྒྱས་པར། ས་སྐྱ་པའི་གདུང་རབས་ཡ་རབས་ཁ་རྒྱན། ཞེས་བྱ་ཞིང་། གདུང་རབས་རིན་ཆེན་བང་མཛོད་ཀྱི་རྩ་བ་ཡིན་ལ། འདིའི་རྩོམ་ལུས་ཀྱང་ཚིགས་བཅད་དུ་མཛད་ཡོད། འོན་ཀྱང་འདི་ཉིད་ནམ་མཛད་པའི་སྐོར་མཛད་བྱང་དུ་ལོ་ཁམས་མི་གསལ་བས་བརྗོད་པ་ལས་འདས་སོ༎ [11] གདུང་རབས་རིན་ཆེན་བང་མཛོད་འདི་ནི། དེའི་མཇུག་བྱང་དུ། དེ་བཞིན་གཤེགས་པ་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་ལོ་སུམ་སྟོང་བདུན་བརྒྱ་དང་དྲུག་ཅུ་རེ་གཉིས་འདས་ཤིང་བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱ་བཏབ་ནས་ལོ་བརྒྱ་ཕྲག་ལྔ་དང་ང་བརྒྱད་ལོན་པ། སྤྲུལ་པའི་གཙུག་ལག་ཁང་ལྷ་ཁང་ཆེན་མོ་བཞེངས་ནས་ལོ་སུམ་བརྒྱ་དང་རེ་གཅིག་འདས་པའི་རེ་གཉིས་པ། ས་མོ་སྦྲུལ། ཞེས་གསལ་བ་ལྟར་ན། ཕྱི་ལོ་༡༦༢༩ ལོར་བརྩམས་པར་མཛད་དོ༎ [12] གདུང་རབས་འདིའི་མཚན་རྒྱས་པར། གདུང་རབས་ཁ་སྐོང་རིན་ཆེན་འཛད་མེད་སྲིད་ཞིའི་དཔལ་འབྱོར་ལྷུན་གྲུབ། ཅེས་པ་འདི་ནི། ནམ་མཛད་པའི་ལོ་ཁམས་མ་རྙེད། [13] གདུང་རབས་འདིའི་མཚན་རྒྱས་པར། གདུང་རབས་ཡང་སྐོང་ངོ་མཚར་ཀུན་འཕེལ་སྲིད་ཞིའི་དཔལ་འབྱོར་ལྷུན་གྲུབ། ཅེས་པ་འདི་ནི། ཆུ་ཕོ་སྤྲེལ་ཏེ། ཕྱི་ལོ་ ༡༩༣༢ ལོའི་ཧོར་ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན་འཇམ་མགོན་ཨ་མེས་ཞབས་ཀྱི་གཟིམ་ཆུང་དུ་ལེགས་པར་གྲུབ་པར་མཛད་པ་ཡིན་ནོ། ། [14] གདུང་རབས་འདི་ཉིད་གདུང་རབས་རིན་ཆེན་བང་མཛོད་ཀྱི་ཕྱི་མོར་གྱུར་ཚུལ་ནི། རིན་ཆེན་བང་མཛོད་ཀྱི་མཇུག་བྱང་དུ། གཞན་ཡང་དམ་པ་ཀུན་དགའ་གྲགས་ཀྱིས་མཛད་པའི་གདུང་རབས། བླ་མ་དམ་པའི་དངོས་སློབ་ཤེས་རབ་རྡོ་རྗེས་མཛད་པའི་གདུང་རབས། གཙང་བྱམས་པ་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པའི་གདུང་རབས། ཆོས་རྗེ་ཉི་ལྡེ་བས་མཛད་པའི་གདུང་རབས། སྟག་ཚང་ལོ་ཙཱ་བ་སྒྲ་པ་ཤེས་རིན་གྱིས་མཛད་པའི་གདུང་རབས་སོགས་ལ་གཙོ་བོར་བརྟེན་ཞིང་། ཞེས་གསུངས་པས་རྟོགས་ཐུབ། ཤོག་གྲངས་ ༥༤༨ དེབ་གཟུགས། ༢༠༠༩ ལོར་སྤར་སྐྲུན་ཞུས་པ་ན་གསལ། [15] མུས་སྲད་ཞེས་པ་ནི། གཙང་སྟོད་ཀྱི་ས་ཡི་ཆ་ལ་སྟོད་བྱང་ཁུལ་གྱི་ས་ཆའི་མིང་སྟེ། མུས་སྲད་དང་མུས་དང་སྲད་ཅེས་སོ་སོར་ཕྱེ་བ་ཡང་ཡོད་མོད། ས་ཁོངས་ཞིབ་ཆ་ཕྱེ་བ་མ་རྙེད་པས་དཔྱད་པར་བྱ་དགོས་ཤིང་། མུས་སྲད་པ་ཞེས་པ་ནི། རྗེ་འདི་མུས་སྲད་ཁུལ་ནས་ཡིན་པས་མུས་སྲད་པ་ཞེས་གྲགས། མུས་སྲད་པ་གཞན་ཞིག་ནི། འཇམ་དབྱངས་ཆོས་རྗེའི་སློབ་མ་མུས་སྲད་པ་བློ་གྲོས་རིན་ཆེན་སེང་གེ་འབྲས་སྤུངས་ནས་སློབ་མ་བརྒྱ་ཕྲག་དང་བཅས་སེ་རར་བྱེས་སུ་འབྱོར་ནས་འཆད་ཉན་གྱི་སྲོལ་བཙུགས་མཁན་སེ་ར་བྱེས་པ་གྲྭ་ཚང་གི་མཁན་ཐོག་དང་པོ་དེ་ལ་ཡང་མུས་སྲད་པ་ཞེས་གྲགས། གཞན་ཡང་། མུས་ཆེན་དཀོན་མཆོག་རྒྱལ་མཚན་སོགས་མུས་པ་དང་སྲད་པ་ཞེས་པའི་མཚན་ཅན་གྱི་མཁས་གྲུབ་མང་པོ་བྱོན། [16] གདུང་རབས་བྲིས་མ་འདིའི་ངོ་བཤུས་ཞིག་བྱེས་ཀྱི་རྫོང་པའི་གདན་ས་གོང་དཀར་རྡོ་རྗེ་གདན་ན་བཞུགས། [17] འདི་ནི་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་ལོ་རྒྱུས་མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་སུ་འབྱོར་བྱུང་ཞེས་གསུངས་བྱུང་། [18] མུས་སྲད་ཀྱི་གདུང་རབས་ན། དེང་སང་ནའང་མར་ཡུལ་ན་འཁོན་མང་དུ་ཡོད། ཅེས་གསལ། [19] དེ་ན་ཚོ་དང་བར་ཚོ་གཉིས་སུ་ཡོད། ཅེས་གསལ། [20] མུས་སྲད་པའི་གདུང་རབས་ན། དེ་འོག་གཉལ་དུ་གཤེགས་ཏེ་གཉལ་ལུག་རོ་ན་འཁོན་མང་དུ་ཡོད། ཅེས་གསལ། [21] མུས་སྲད་པའི་གདུང་རབས་ན། དེ་འོག་ཉང་རོ་དང་ཤབ་ཏུ་གཤེགས། ཉང་ཤབ་ཀྱི་འཁོན་རྣམས་ཡིན། ཞེས་གསལ། [22] གདུང་རབས་ན། དེར་ཡང་འཁོན་ཅི་རིགས་པར་ཡོད། [23] གདུང་རབས་ན། དེ་བས་འཁོན་གཡས་རུ་བྱང་དུ་གྱེས་འཁོན་ཚོའི་སྡེ་མང་དུ་ཡོད། ཅེས་གསལ། [24] གདུང་རབས་འདིར། ཚ་མོ་རོང་དུ། འཁོན་སྟོན་བལ་པོ་དེས་ཚ་མོ་རོང་དུ་བྲག་ལ་སྒྲུབ་པ་མཛད། ཡང་ཕུར་ཞལ་གཟིགས། བྲག་ལ་ཕུར་པ་བཏབ། བསྟན་མ་བཅུ་གཉིས་བྲན་དུ་བཀོལ། ཅེས་གསལ། འདིའི་ཚ་མོ་རོང་ནི། མདོ་ཁམས་ཀྱི་ཚ་བ་རོང་མིན་པར། བླ་མ་ས་ཆེན་གྱི་བཙུན་མོའི་ཡུལ་ལ་ཚ་མོ་རོང་ཞེས་པ་དེ་ཡིན་སྙམ། [25] གདུང་རབས་འདིར། འདི་ནི་འཁོན་རོག་ཤེས་རབ་ཚུལ་ཁྲིམས་ཀྱིས་བཞུགས་གནས་ཡིན། རྗེ་འདིས་ཡབ་མེས་ཀྱི་ཆོས་ལ་སྦྱངས་ཤིང་། རྡོ་རྗེ་ཕུར་པའི་ཞལ་མཐོང་། རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་བརྙེས། ཚུལ་ཁྲིམས་ཀྱིས་མཛེས་པར་བྱས། མ་མོ་ཐབས་ཅད་དམ་ལ་བཏགས། དཀར་བདུད་གཉིས་བྲན་དུ་འཁོལ། ཅེས་གསལ། [26] མུས་སྲད་པའི་དུས་གསལ་དང་། མང་ཐོས་ཀྱི་བསྟན་རྩིས་ནའང་། མུས་ཆེན་གྱི་རྣམ་ཐར་སྐབས། ས་མོ་བྱ་ནས་ངོར་དགོན་གསར་འདེབས་པའི་མཁར་ལས་དང་། ཞེས་དང་། སུམ་སྟོང་ལྔ་བརྒྱ་དང་དྲུག་ཅུ་རྩ་གཉིས་པ་ས་མོ་བྱ་(སྤྱི་ལོ་༡༤༢༩་) ལ་ངོར་དགོན་གསར་བྱོན། ཞེས་བོད་ཀྱི་སྤར་རྩ་ལ་ཐེ་ཝན་སྤར་སློག་དེབ་གཟུགས་ཤོག་གྲངས་༢༡༩ དང་། ༢༤༨ ན་གསལ། [27] མུས་སྲད་པའི་གདུང་རབས་འདིར། འཇམ་དབྱངས་དོན་ཡོད་རྒྱལ་མཚན་དང་མ་ཅིག་གཞོན་ནུ་འབུམ་གྱི་ནུ་མོ་མ་ཅིག་ཡོན་ཏན་དཔལ་འབུམ། དེ་ལ་སྲས་གཉིས་འཁྲུངས་པའི་གཅེན་ལ་ཉི་མ་རྒྱལ་མཚན་དང་གཅུང་ཟླ་བ་རྒྱལ་མཚན་གཉིས་ཡོད་པའི་གཅུང་རབ་ཏུ་བྱུང་བའི་མཚན་ལ་ཀུན་དགའ་རྒྱལ་མཚན་། ཕྱིས་བླ་ཆེན་དུ་མཚན་གསོལ། ཞེས་ཤོག་གྲངས་༢༢༥ དཔལ་ལྡན་རྫོང་པའི་ཆོས་འབྱུང་དང་རྣམ་ཐར་གཅེས་བཏུས་ན་གསལ། [28] གདུངས་རབས་དེའི་ཤོག་གྲངས། ༢༢༨ ན་གསལ། [29] གདུངས་རབས་དེའི་ཤོག་གྲངས། ༢༢༩ ན་གསལ། [30] གདུང་བརྒྱུད་ཡིན་པའི་གདན་ས་བ་བརྒྱད་ནི། འཁོན་དཀོན་མཆོག་རྒྱལ་པོ། ས་ཆེན་ཀུན་དགའ་སྙིང་པོ། རྗེ་བཙུན་གྲགས་པ་རྒྱལ་མཚན། འཇམ་མགོན་ས་སྐྱ་པཎྜི་ཏ། འགྲོ་མགོན་ཆོས་རྒྱལ་འཕགས་པ། གཅུང་སློབ་དཔོན་རིན་ཆེན་རྒྱལ་མཚན། དྷརྨ་པཱ་ལ། བདག་ཆེན་བཟང་པོ་དཔལ་རྣམས་ཡིན་ལ་གདན་ས་བརྩི་ཚུལ་འདི་ནི་གཞན་དང་མི་འདྲ་བ་ཞིག་ཡིན། ཤོག་གྲངས་༢༢༨ དཔལ་ལྡན་རྫོང་པའི་ཆོས་འབྱུང་དང་རྣམ་ཐར་གཅེས་བཏུས། རྫོང་པའི་དཔེ་རྙིང་འཚོལ་བསྡུ་ཁང་ནས་བསྒྲིགས། [31] གདུང་བརྒྱུད་མ་ཡིན་པའི་གདན་ས་བ་གསུམ་ཞེས་པ་ནི། བ་རི་ལོ་ཙཱ་བ། དཀར་ཤཱཀྱ་གྲགས། ཤར་ཆེན་འཇམ་དབྱངས་རིན་ཆེན་རྣམས་ཡིན་ལ། འདི་ནི་གདུང་རབས་འདིའི་བཞེད་པ་དམིགས་བསལ་བ་ཡིན་ཏེ། ཡིག་ཆ་ཕལ་ཆེ་བར། བ་རི་ལོ་ཙཱ་བ་དང་། ཤར་ཆེན་འཇམ་དབྱངས་རིན་ཆེན་གཉིས་ལས་བརྩི་སྲོལ་མེད་ནའང་། གདུང་རབས་འདིར་འཇམ་མགོན་ས་པཎ་གྱི་རྗེས་སུ། དཀར་ཤཱཀྱ་གྲགས་ཀྱིས་གདན་ས་ལོ་ཉི་ཤུ་རྩ་གཅིག་མཛད་པར་བཞེད་པས། གདུང་བརྒྱུད་ཀྱིས་མ་ཁེབས་པའི་གདན་ས་གསུམ་ཞེས་གདུང་རབས་འདིའི་ལུགས་ལ་གསུམ་ཞེས་གསུངས་སོ༎ མུས་སྲད་པའི་གདུང་རབས། ཤོག་གྲངས་༢༢༨ དཔལ་ལྡན་རྫོང་པའི་ཆོས་འབྱུང་དང་རྣམ་ཐར་གཅེས་བཏུས། རྫོང་པའི་དཔེ་རྙིང་འཚོལ་བསྡུ་ཁང་ནས་བསྒྲིགས། [32] བཞི་ཐོག་བླ་བྲང་གི་མཚན་ཇི་ལྟར་ཐོགས་ཚུལ་སོགས་ ཤོག་གྲངས་༢༤༧ན་གསལ། མུས་སྲད་པའི་གདུང་རབས།

སྐྱེས་བུ།

རྩོམ་རིགས།

བརྗོད་གཞི། ལྷ།

པར་སྐྲུན།